ཝང་ཅུན་ཀྲེང་གིས་བརྒྱད་གཅིག་གི་སྔ་ནུབ་ཏུ་བོད་སྡོད་དཔུང་སྡེའི་དཔོན་དམག་ལ་གཟིགས་པ་དང་འཚམས་འདྲི་གནང་བ།
བརྒྱད་གཅིག་དམག་བཙུགས་དུས་ཆེན་གྱི་སྔ་ནུབ་ཏུ། ཟླ་7ཚེས་31ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཝང་ཅུན་ཀྲེང་གིས་ལྷ་སར་བོད་སྡོད་དཔུང་སྡེའི་དཔོན་དམག་ཚོར་གཟིགས་པ་དང་འཚམས་འདྲི་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་མཁའ་དམག་ལྷ་ས་རྟེན་གཞིའི་དཔུང་སྡེ་ག་གེ་མོ་ཞིག་ཏུ་ཕེབས་ནས། གཞི་རིམ་གྱི་དཔོན་དམག་ལ་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། ཚང་མ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་སྟེ། དཔུང་སྡེའི་ལོ་རྒྱུས་དང་། ལས་སྒྲུབ་ལས་གྲབས། དཔོན་དམག་གི་གཞི་རྩའི་འཚོ་བའི་གནས་ཚུལ་བཅས་མཁྱེན་རྟོགས་ཞིབ་ཕྲ་གནང་བ།
ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ནས་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ་གཟི་བརྗིད་དེ་བས་ཆེ་བ་བརྩོན་ལེན་བྱེད་དགོས།
བརྒྱད་གཅིག་དམག་བཙུགས་དུས་ཆེན་་གྱི་སྔ་ནུབ་ཏུ། ཟླ་7ཚེས་31ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཝང་ཅུན་ཀྲེང་གིས་ལྷ་སར་བོད་སྡོད་དཔུང་སྡེའི་དཔོན་དམག་ཚོར་གཟིགས་པ་དང་འཚམས་འདྲི་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་བོད་སྡོད་མི་དམངས་བཅིངས་འགྲོལ་དམག་གི་རྒྱ་ཆེའི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག ཡུལ་དམག་གི་གྲ་སྒྲིག་དམག་ཞབས་མི་སྣ། དམག་ཞབས་ཐིམ་པའི་དམག་མི་བཅས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་རེད།
ཝང་ཅུན་ཀྲེང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བོད་སྡོད་དཔུང་སྡེ་ག་གེ་མོ་ཞིག་དང་། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་ཉིང་ལག་རུ་ཁག་ག་གེ་མོ་ཞིག མཁའ་དམག་ལྷ་ས་རྟེན་གཞིའི་དཔུང་སྡེ་ག་གེ་མོ་ཞིག་བཅས་སུ་ཕེབས་ནས། གཞི་རིམ་གྱི་དཔོན་དམག་ལ་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། ཚང་མ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་སྟེ་དཔུང་སྡེའི་ལོ་རྒྱུས་དང་། ལས་སྒྲུབ་ལས་གྲབས་དང་དཔོན་དམག་གི་གཞི་རྩའི་འཚོ་བའི་གནས་ཚུལ་བཅས་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། དཔུང་སྡེའི་ལས་ཁུངས་ཀྱི་ཟ་ཁང་དུ་ཝང་ཅུན་ཀྲེང་གིས་དཔོན་དམག་ཚོ་དང་མཉམ་དུ་ཅའོ་ཙེ་བཟོས་ནས་དམག་སྲིད་དམག་དམངས་དབར་གྱི་ཉ་ཆུ་ལྟ་བུའི་བརྩེ་སེམས་ཟབ་མོ་གླེང་གནང་བ་རེད།
ཝང་ཅུན་ཀྲེང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་དང་། “བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་དོན་ཆེན་བཞི་གསལ་སྟོན་གནང་སྟེ་ང་ཚོས་ལས་དོན་ཡག་པོ་བསྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུཌ་བརྒྱབ་ནས། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་ཡོང་བར་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད། གྲུབ་འབྲས་དེ་དག་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པ་ལས་བྱུང་བ་ཞིག་རེད་ལ། བོད་སྡོད་མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་ཚོས་འགན་འཁྲི་གཙང་སྒྲུབ་བྱས་པ་དང་། སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བ། ལས་ཀ་ཧུར་ཐག་བྱས་པ་བཅས་དང་ཁ་བྲལ་ཐབས་མེད་པ་ཞིག་ཀྱང་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ད་ལོ་ནི་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ལོ་ཞིག་རེད། དུས་བབ་གསར་པ་དང་ལས་འགན་གསར་པའི་མདུན་དུ་བོད་སྡོད་མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་ཚོས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། དམག་དཔུང་དེང་རབས་ཅན་གྱི་ཆུ་ཚད་མགྱོགས་མྱུར་མཐོ་རུ་གཏོང་བ། དམག་དམངས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་ཐོག་མཐའ་བར་གསུམ་རྒྱུན་འཁྱོངས་བྱེད་པ། “དོན་ཆེན་བཞི”དང“འཛུགས་གཏོད་བཞིར”ཞབས་འདེགས་ཧུར་ཐག་ཞུ་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་བ་དང་ཡང་བསྐྱར་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་གཉིས་བཀུར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་། དམག་བཀུར་ཁྱིམ་སྐྱོང་དང་དམག་ཞབས་ཐིམ་པའི་དམངས་མིའི་ཞབས་ཞུ་འགན་ལེན་ལས་དོན་ཡག་པོ་སྒྲུབ་པ། “ནང་མི་དང་། རྗེས་རབས་པ། བཤོལ་ལམ”བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ། སྤྱི་ཚོགས་ཡོངས་སུ་རྒྱལ་སྲུང་ལ་སེམས་ཁུར་དང་། དམག་དཔུང་ལ་རྒྱབ་སྐྱོར། དམག་མིར་བརྩི་འཇོག་བཅས་བྱེད་པའི་རྣམ་པ་ཟབ་མོ་གཏོད་དགོས།
བོད་སྡོད་མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་ཚོས། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱས་ནས། ཆབ་སྲིད་ལ་བརྟེན་ཏེ་དམག་དཔུང་འཛུགས་སྐྱོང་གི་དུས་རབས་ཀྱི་བླང་བྱ་སྟངས་འཛིན་ནན་པོ་བྱེད་པ་དང་། དམག་གྲབས་དམག་འཐབ་ཀྱི་ཉམས་སད་ཐེག་ཐུབ་པའི་འཇོན་ཐང་ལ་ཞུན་བརྡར་གཏོང་བ། མཐའ་སྲུང་བོད་བརྟན་གྱི་འགན་འཁྲི་དང་ལས་འགན་ལག་བསྟར་བྱེད་པ། ས་གནས་ཀྱི་དགོས་མཁོ་དང་། མང་ཚོགས་ཀྱི་རེ་སྒུག དཔུང་སྡེའི་ནུས་པ་བཅས་ལ་གཞི་ཚུགས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་ཁྲོད་ནུས་པ་དེ་བས་ཆེ་བ་འདོན་པ་དང་བྱས་རྗེས་དེ་བས་ཆེ་བ་བཞག་སྟེ་ཕུལ་བྱུང་གྲུབ་འབྲས་ལ་བརྟེན་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་བསུ་བ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།