ཡན་ཅིན་ཧའེ་ཡིས“1·07”དིང་རིའི་ས་ཡོམ་གེགས་ཁུལ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་གསུམ་པ་གཙོ་སྐྱོང་གནང་བ།
ཟླ་7ཚེས་29ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས“1·07”དིང་རིའི་ས་ཡོམ་གེགས་ཁུལ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་གསུམ་པ་གཙོ་སྐྱོང་གནང་ནས། དིང་རིའི་ས་ཡོམ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལ་སྐུལ་འདེད་བཏང་ཚུལ་གྱི་སྙན་སེང་གསན་པ་དང་། ཕྱོགས་ཁག་གི་སྟོབས་ཤུགས་སྐུལ་སློང་བྱས་ཏེ་ལས་ཡུན་ལྡོག་སྒྲིག་གིས་འཕེལ་རིམ་མགྱོགས་སུ་གཏོང་བ་དང་། འགན་འཁྲི་ནན་དུ་བཏང་སྟེ། སྤུས་ཚད་འགན་ལེན་བྱས་ནས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་འགན་དུས་བཀག་ལྟར་སྤུས་ཚད་མཐོ་པོས་ལེགས་འགྲུབ་ཡོང་བའི་འགན་ལེན་བྱེད་དགོས།
ཡན་ཅིན་ཧའེ་ཡིས་གསུངས་དོན། གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་སྤེལ་ཚུན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་དང་ཁོངས་མིའི་ཚན་པ་ཁག་གིས་འགན་འཁྲི་ཏན་ཏིག་འཁུར་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས། དམངས་ཀྱི་སྡོད་ཁང་བསྐྱར་སྐྲུན་ལས་དོན་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྤེལ་ཏེ་གེགས་ཁུལ་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་དགོས།
ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། དིང་རིའི་ས་ཡོམ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་གྱི་མཐའ་མའི་གདོང་མཆོང་དུས་མཚམས་དང་འགག་རྩའི་འགག་སྒྲོལ་དུས་མཚམས་སུ་སླེབས་ཡོད་པས། བསམ་བློའི་ངོས་འཛིན་སྔར་བས་མཐོ་རུ་བཏང་ནས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་བརྟན་པོར་འཛུགས་པ་དང་། བསམ་བློའི་ཐད་ནས་ཡང་བསྐྱར་དམ་འཛིན་ལྷོད་མེད་དང་བྱ་སྤྱོད་སྤེལ་ཤུགས་སྔར་བས་ཆེ་རུ་བཏང་སྟེ་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་གྱི་རྒྱུགས་ལན་དུས་བཀག་ལྟར་སྤུས་ཚད་མཐོ་པོས་ལེགས་གྲུབ་བྱས་ནས། “གཏན་འཁེལ་གཉིས”ལ་གོང་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་མངོན་པར་བྱེད་དགོས། འགག་སྒྲོལ་གྱི་གཙོ་གནད་སྔར་བས་འབུར་དུ་ཐོན་པར་བྱས་ཏེ་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ལ་དམིགས་ནས། གཏོགས་ཁོངས་ཀྱི་འགན་འཁྲི་དང་ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ་དང་། ཨར་སྐྲུན་སྟོབས་ཤུགས་སྤྱི་འདོམས་བྱེད་པར་ཤུགས་སྣོན་རྒྱག་པ། ལྟ་སྐུལ་མཛུབ་ཁྲིད་དང་བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ། ས་གནས་ས་ཐོག་ཏུ་སྐོར་ཞིབ་ཧུར་ཐག་བྱེད་པ། ལས་ཡུན་ལྡོག་སྒྲིག་གིས་གཅིག་སྡུད་འགག་སྒྲོལ་བཅས་བྱས་ཏེ་བསྐྱར་སྐྲུན་གྱི་འཕེལ་རིམ་མགྱོགས་སུ་ཏན་ཏིག་གཏོང་དགོས། རྒྱུ་རྐྱེན་གཙོ་བོ་དང་སྤུས་ཚད་ལ་སྔར་བས་དམིགས་ནས། ཐོག་ཁང་རེར་མིང་སྦྱར་ལྟ་འདོམས་བྱེད་པའི་ལམ་སྲོལ་ལག་ལེན་བསྟར་བ་དང་། རིམ་པ་བརྒྱད་པའི་ཡོམ་འགོག་འགོག་སྲུང་ཚད་གཞི་དང་འབྲེལ་ཡོད་ལག་རྩལ་གྱི་ཚད་གཞིའི་བླང་བྱ་ལག་བསྟར་ནན་པོ་བྱེད་པ། སྒྲིག་འགལ་ཨར་སྐྲུན་སོགས་ཀྱི་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་ནན་པོ་བཅས་བྱས་ཏེ་མང་ཚོགས་དེའི་ནང་ཞུགས་པའི་ལམ་སྲོལ་ཤར་གཏོང་ཡོང་བར་བྱེད་དགོས། ཕྱོགས་ཁག་གི་སྟོབས་ཤུགས་སྔར་བས་གཅིག་སྒྲིལ་གྱིས་སྲིད་ཇུས་གསལ་འགྲེལ་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཀྱི་དོ་ཁུར་བྱེད་པའི་གནད་དོན་ལ་ལན་བཏབ་སྟེ་མང་ཚོགས་ཚོ་ཁྱིམ་གཞིས་གསར་པར་བློ་བདེ་སེམས་སྐྱིད་ངང་ཐོན་སྐྱེད་དང་འཚོ་བ་སྐྱེལ་ཐུབ་པའི་འགན་ལེན་བྱེད་པ་དང་། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་པ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་གཏོང་དགོས། སྤྱི་པའི་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས། སྡོད་ཁང་འཛུགས་སྐྲུན་དང་ལྷན་སྦྱར་སྒྲིག་བཀོད་དུས་མཉམ་འཆར་འགོད་དང་། དུས་མཉམ་འཛུགས་སྐྲུན། དུས་མཉམ་རྩིས་སྤྲོད། དུས་མཉམ་བེད་སྤྱོད་བཅས་མཐའ་འཁྱོངས་ཀྱིས་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་དུས་ཐོག་ཏུ་སེལ་དགོས། རྣམ་པ་ཟབ་མོ་གཏོད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་ཆེན་མོའི་མཚམས་ཚིགས་ལ་དམིགས་པ་དང་། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཐུས་མི་དང་། འཐབ་ཕྱོགས་དང་པོའི་ལས་བྱེད་པའི་དཔེ་བཟང་། འཛུགས་སྐྲུན་ཁེ་ལས་ཀྱི་དཔེ་མཚོན་སོགས་ཚོགས་སྤྱིར་གཞིགས་ཏེ་ཆེད་དོན་འཕྲིན་སྤེལ་རབ་དང་རིམ་པ་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།