ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།
ཚེས་21ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས《ཞི་ཅིན་ཕིང་གི་དཔལ་འབྱོར་རྩོམ་ཡིག་གཅེས་བསྡུས》(དེབ་དང་པོ)དང་ཙུང་ལི་ལི་ཆང་གིས་བོད་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། ལོ་སྟོད་ཀྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་དང་ཞིབ་དཔྱད། གོམ་སྟབས་རྗེས་མའི་གཙོ་གནད་ལས་དོན་བཀོད་སྒྲིག་སོགས་གནང་བ་རེད།
ཚོགས་འདུའི་ཐོག་ནན་བཤད་གནང་དོན། ལོ་སྨད་ནི་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱེད་པའི་འགག་རྩའི་དུས་སྐབས་ཡིན་པས། དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད། ལས་ཀའི་གཙོ་གནད་དམ་པོར་བཟུང་ནས་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་སྟེ། གནོན་ཤུགས་འགོག་པ་དང་། སྒུལ་ཤུགས་ཆེ་རུ་གཏོང་བ། ཕྱོགས་ཡོངས་ནས་ནུས་ཤུགས་འདོན་པ་བཅས་བྱས་ནས། རྒྱུན་སྲིང་ལྷོད་མེད་ངང་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ནང་མཁོར་དམ་པོར་དམིགས་ཏེ་གནད་སྨིན་ཤུགས་འདོན་གྱིས་མ་འཇོག་བརྟན་དུ་གཏོང་བ་དང་འཛད་སྤྱོད་རྒྱ་ཆེར་བཏང་ནས་རྨང་བརྟན་སྟོབས་འཕེལ་བྱེད་ཐབས་ལ་ཤུགས་སྣོན་རྒྱག་དགོས། ཐོན་ལས་ཀྱི་གཙོ་གནད་འགག་སྒྲོལ་ལ་དམ་པོར་དམིགས་ཏེ་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་བཙུགས་ནས་མཐུན་སྦྱོར་འཕེལ་རྒྱས་ཀྱི་མཉམ་ཤུགས་ལ་ཤུགས་སྣོན་རྒྱག་དགོས། ཚོང་འགུགས་ཁོར་ཡུག་ལེགས་སུ་གཏོང་བར་དམ་པོར་དམིགས་ཏེ་ཁྱབ་ཁོངས་དེ་བས་མང་པོའི་ནང“ལས་ཆོད་ཆེན་པོས་བྱ་བ་གཅིག་སྒྲུབ་ཐུབ་པར”སྐུལ་འདེད་ཏན་ཏིག་བཏང་ནས་ཞབས་ཞུའི་འགན་སྲུང་ཆུ་ཚད་ལ་ཤུགས་སྣོན་རྒྱག་དགོས།
དམངས་འཚོའི་ཐ་གྲས་སྐྱོང་བར་དམ་པོར་དམིགས་ཏེ། དམངས་འཚོའི་བྱ་བ་དངོས་ཁག་28སེམས་ནུས་ཡོད་རྒུས་བསྒྲུབས་ནས་ལས་ཀའི་སྤུས་འབྲས་ལེགས་གཉེར་ལ་ཤུགས་སྣོན་རྒྱག་དགོས། ཉེན་ཁ་སྔོན་འགོག་དང་སེལ་བར་དམ་པོར་དམིགས་ཏེ་བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ཀྱི་མཉམ་འགུལ་བཟང་པོ་མངོན་འགྱུར་བྱེད་དགོས།
ཚོགས་འདུར་བསྟན་དོན། ནོར་སྲིད་ཀྱི་སྡོམ་རྩིས་ནི་ལོ་འཁོར་གྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་ཕྱོགས་བསྡུས་ཀྱི་མཚོན་ཚུལ་ཞིག་དང་། ལོ་འཁོར་རྗེས་མའི་སྔོན་རྩིས་བཟོ་བའི་ཆ་འཕྲིན་གྱི་རྨང་གཞི་ཡིན་ལ། འབྲེལ་ཡོད་སྲིད་ཇུས་ལེགས་སྒྲིག་དང་ནོར་སྲིད་དོ་དམ་ལ་ཤུགས་སྣོན་རྒྱག་པའི་གཞི་འཛིན་ས་གལ་ཆེན་ཞིག་ཀྱང་ཡིན། ཐབས་འདོན་ནོར་འཚོལ་དང་། ཚན་རིག་དང་མཐུན་པའི་རྒྱུ་ནོར་དོ་དམ། གྲོན་ཆུང་ནོར་སྤྱོད་བཅས་ལ་དེ་བས་མཐོང་ཆེན་བྱས་ཏེ།“བསྡུ་གཏོང་སྡོམ”བཅས་གསུམ་རྒྱུན་མཐུད་ལེགས་པར་སྒྲུབ་པ་དང་ནོར་སྲིད་མ་དངུལ་སྤྱོད་པའི་ཕན་འབྲས་ཆེ་རུ་ཏན་ཏིག་བཏང་ནས། དངུལ་སྐར་ལི་ཙམ་ཡིན་ཡང་གནད་འགག་ཆེ་སར་སྤྱད་དེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དེ་བས་དགེ་མཚན་ལྡན་པའི་ནོར་སྲིད་ཀྱི་འདེགས་སྐྱོར་མཁོ་འདོན་བྱེད་དགོས།
ཚོགས་འདུར་བསྟན་དོན། ཞིང་འབྲོག་པའི་ཡོང་འབབ་འཕར་བར་སྐུལ་འདེད་གཏོང་བའི་སྲིད་ཇུས་གཏན་འབེབས་ལག་བསྟར་བྱེད་པ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས“ཞིང་གསུམ”ལས་དོན་ལ་དམ་འཛིན་བྱེད་པའི་ཞིབ་ཕྲའི་བྱེད་ཐབས་ཤིག་རེད། དྲིལ་བསྒྲགས་དང་། ཞབས་ཞུ། ལྟ་འདོམས་བཅས་གནད་འཁེལ་ཡོང་བར་བྱས་ནས། ཞིང་འབྲོག་པས་དུས་ཐོག་དང་། ཕྱོགས་ཡོངས། ཆ་ཚང་བ་བཅས་ཀྱི་སྒོ་ནས་སྲིད་ཇུས་ཤེས་རྟོགས་དང་། རྒྱུས་ལོན། ལོངས་སྤྱོད་བཅས་ཐུབ་པར་བྱས་ཏེ། ཞིང་ཕན་སྲིད་ཇུས་ཁག་ཞིང་འབྲོག་པའི་ཕན་འབྲས་དང་ཞིང་འབྲོག་པའི་ཡོང་འབབ་འཕར་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སྟོབས་ཆེན་དུ་དངོས་སུ་བསྒྱུར་བའི་འགན་ལེན་བྱེད་དགོས།
ཚོགས་འདུར་ད་དུང་ཞིང་འབྲོག་ཁུལ་གྱི་བསྐུར་སྐྱེལ་ཟོག་འགྲེམས་མ་ལག་འཛུགས་སྐྱོང་སོགས་ཀྱི་དོན་དག་ལ་ཞིབ་འཇུག་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།