ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའི་ཚོགས་འདུ་གཙོ་སྐྱོང་གནང་བ།
ཚེས་21ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའི་ཧྲུའུ་ཅི་བཅས་ཡིན་པའི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའི་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་སློབ་སྦྱོང་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་གཞིར་བཟུང་། སྲིད་གཞུང་ཁོངས་གཏོགས་ཀྱིས་ལས་དོན་ལག་བསྟར་དང་དོན་འཁྱོལ་བྱས་ཚུལ་ལ་ཞིབ་འཇུག་གནང་བ་རེད།
ཀརྨ་ཚེ་བརྟན་གྱིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་ཡུལ་མི་ཡོངས་ལ་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་ཡིག་འབྲུ་དང་ཡིག་ཕྲེང་ཚང་མའི་ནང་མི་དམངས་ཀྱི་གཙོ་འཛིན་གྱིས་མི་དམངས་ལ་བཅངས་པའི་བརྩེ་བ་ཟབ་མོ་འདུས་ཡོད་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་ཀྱང་གང་ལེགས་མངོན་ཡོད། འདི་ནི་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ལྕག་སྐུལ་དང་ཐུགས་ཁུར་གནང་བ་རེད་ལ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་ཆེད་ཀྱི་མཛུབ་སྟོན་ནུས་ལྡན་ཡང་གནང་བ་རེད། དེས་ང་ཚོས་ལས་དོན་ཁག་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་བ་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། སྲིད་གཞུང་ཁོངས་གཏོགས་སུ་ཕྱོགས་ཡོངས་དང་ཕྱོགས་བསྡུས་ཀྱི་སྒོ་ནས་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་ཚ་རླབས་འཕྱུར་བར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ཚང་མའི་བསམ་བློ་དང་ཁྲག་རྒྱུན་ནང་འདྲེས་པར་བྱེད་དགོས། “བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད”ཅེས་པ་དེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཐུན་མོང་བསམ་འདུན་དུ་བསྒྱུར་བ་དང་། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས། ཕྱར་བ་གྲུ་འདེགས་ཀྱིས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱེད་པ་ལས་ཐོན་པའི་ཧུར་སེམས་དེ“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུར་དོན་འཁྱོལ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་ནུས་ཤུགས་ཡོད་རྒུས་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དམངས་འཚོའི་ལས་དོན་དངོས་དོན་འཁྱོལ་ལ་དམ་པོར་དམིགས་པ། མང་ཚོགས་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཁྲོད་དམངས་ལ་ཕན་པ་འདོགས་པའི་ཐོག་མའི་བསམ་འདུན་ལག་ལེན་བསྟར་ནས། དེ་བས་ཕུལ་བྱུང་གི་སྦྱངས་འབྲས་ལ་བརྟེན་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་གཟིགས་སྐྱོང་ལ་དྲིན་ལན་འཇལ་དགོས།
ཀརྨ་ཚེ་བརྟན་གྱིས། སློབ་སྦྱོང་དང་། བཤེར་འདོན། དག་ཐེར་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བའི་བླང་བྱ་གཞིར་བཟུང་། སློབ་སྦྱོང་སློབ་གསོ་རྒྱུན་མཐུད་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་བ་དང་། སྣེ་ཁྲིད་པའི་ནུས་འབྲས་ཆགས་པར་བྱེད་པ། ལྷོད་གཡེང་གི་བསམ་པ་མཐའ་གཅིག་ཏུ་འདོར་བ། རྒྱུན་རྣམ་དང་ནུས་པ་རྒྱུན་ཐོན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་རྒྱུན་གཏན་ནང་འདྲེས་པ་དང་། གོམས་གཤིས་སུ་འཇགས་པ། རང་རྟོགས་སུ་འགྱུར་བ་བཅས་དངོས་འབྲེལ་ཐུབ་པར་བྱས་ནས། སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་ནུས་གསར་པར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས། དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ཏེ། ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་ཤུགས་ཆེ་རུ་གཏོང་བ་དང་། འཕྲལ་དུ་སྒྲུབ་པ་དང་དམ་འཛིན་དངོས་སྒྲུབ་ཀྱི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་གཏོང་བ། ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བའི་ལག་ལེན་པ་དང་། འགག་སྒྲོལ་དཀའ་སེལ་གྱི་ལག་ལེན་པ། བྱེད་མཁས་ལ་རྗེས་ཐོན་པའི་ལག་ལེན་པ་བཅས་མཐའ་གཅིག་ཏུ་ཡག་པོ་བྱས་ཏེ། “ལོ་འཁོར་མོའི་རྒྱལ་ཁ”འབད་པས་ཐོབ་པར་བྱས་ནས། “ལོ་ལྔ་ཚན་བཅུ་བཞི་པ”ཐུགས་གྲ་ལེགས་འགྲིག་ངང་མཇུག་སྒྲིལ་བ་དང“ལོ་ལྔ་ཚན་བཅོ་ལྔ་པ”ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས་ཞེས་ནན་བཤད་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།