དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཡན་ཅིན་ཧའེ་ཡིས་གཞིས་རྩེ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-19

    ཚེས་14ནས་17ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་གཞིས་རྩེ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ་རེད།

    གཏིང་སྐྱེས་རྫོང་ཀོ་ལྕག་ཤང་དུ་ཡན་ཅིན་ཧའེ་ཡིས་ས་གནས་དེ་གའི་ལས་བྱེད་པ་དང་ངོ་ཐུག་གདོང་འཕྲད་ངང་སྤེལ་རེས་གནང་ནས། ཤང་དེར་གནོད་འཚེ་ཕོག་ཚུལ་དང་གེགས་རྗེས་སླར་གསོ་བསྐྱར་སྐྲུན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། དིང་རི་རྫོང་ཆུ་སྟེང་གྲོང་རྡལ་རིན་ཆེན་གླིང་གྲོང་ཚོ་དང་མཚམས་མདའ་གྲོང་ཚོ་དང་། མཚོ་སྒང་ཤང་ཡེ་བྱང་གྲོང་ཚོ། ངམ་རིང་རྫོང་བཟང་བཟང་གྲོང་རྡལ། ས་སྐྱ་རྫོང་རྨ་བྱ་ཤང་སོགས་ས་ཆར་བསྐྱར་སྐྲུན་རྣམ་གྲངས་འཛུགས་སྐྲུན་གྱི་གནས་ཚུལ་ལ་གཟིགས་ཞིབ་ཞིབ་ཕྲ་གནང་བ་དང་འབྲེལ། འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་ཏང་ཡོན་ལས་བྱེད་པ་དང་། ཨར་སྐྲུན་ཚན་པ། མང་ཚོགས་བཅས་ལ་གཟིགས་པ་དང་འཚམས་འདྲི་གནང་བ་རེད། ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། མིག་སྔ་ནི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལ་སྤྱི་ཡོངས་ནས་སྐུལ་འདེད་གཏོང་བ་དང་གཅིག་སྡུད་འགག་སྒྲོལ་བྱེད་པའི་འགག་རྩའི་དུས་སྐབས་ཡིན་པས། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་བསམ་བློའི་ངོས་འཛིན་གཅིག་གྱུར་བྱས་ནས།

    མུ་མཐུད་འབད་འཐབ་བྱེད་པའི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་། ལས་ཀའི་དལ་ལྷོད་མི་འགྱུར་བ་དང་ལས་འབོར་རྒྱུན་འཁྱོངས་བྱས་ཏེ། གཅིག་གྱུར་འཆར་འགོད་དང་འཛུགས་སྐྲུན་དང་། གཅིག་གྱུར་འཆར་འགོད་དང་ཁག་བགོས་འཛུགས་སྐྲུན། ཉམས་བཟོ་བརྟན་གཏོང་སོགས་ཀྱི་བསྐྱར་སྐྲུན་ལས་གྲྭར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། མྱུར་ཚད་ལ་ཤུགས་རྐྱེན་ཐེབས་པའི་ཚོད་འཛིན་རྒྱུ་རྐྱེན་ལ་དམ་པོར་དམིགས་ནས་ལས་དོན་བཀོད་གཏོང་དང་། སྟོབས་ཤུགས་བཀོད་སྒྲིག མི་སྣ་བཀོད་གཏོང་བཅས་ལ་ཤུགས་སྣོན་རྒྱག་པ་དང་། བསམ་ཕྱོགས་བྱ་ཐབས་ལེགས་སུ་གཏོང་བ། སྤུས་ཚད་དང་། མྱུར་ཚད། བདེ་འཇགས་སོགས་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། བསྐྱར་སྐྲུན་ལས་གྲྭ་དུས་བཀག་བཞིན་སྤུས་འབོར་གཉིས་ལྡན་ངང་ལེགས་འགྲུབ་ཡོང་བའི་འགན་ལེན་བྱེད་དགོས།

    ཡན་ཅིན་ཧའེ་སྔ་རྗེས་སུ་དིང་རི་རྫོང་ཆུ་སྟེང་གྲོང་རྡལ་སྐར་མ་རོང་དང་ངམ་རིང་རྫོང་གད་རགས་ཤང་དུ་ཕེབས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ངོ་སྤྲོད་ནན་ཏན་གསན་བཞིན་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ལ“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་ལག་ལེན་ཧུར་ཐག་བསྟར་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་ཐབས་ལ་ཤུགས་སྣོན་རྒྱག་པ། ཚན་རིག་ཁྱབ་གདལ་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་དེ་བས་ཡག་པ་གཏོང་དགོས་པའི་སྐུལ་ལྕག་གནང་བ་རེད། ཡན་ཅིན་ཧའེ་ཡིས་བསྟན་དོན། གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་བར་རང་ས་རང་ཡུལ་གྱི་དམིགས་བསལ་སྐྱེ་ཁམས་ཡུལ་སྐོར་གྱི་ཐོན་ཁུངས་ལེགས་ཆར་གཞི་ཚུགས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། སྤྱི་ཡོངས་ཀྱི་འཆར་འགོད་ཇུས་འགོད་བྱེད་ཤུགས་ཆེ་རུ་གཏོང་བ། ཡུལ་སྐོར་ལམ་ཐིག་རྩེ་གྲ་གཏོད་པ། མཛེས་ལྗོངས་ཁུལ་གྱི་བྱེད་ནུས་བཀོད་པ་ལེགས་སུ་གཏོང་བ། ཁྱད་ལྡན་རིག་གནས་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱེད་པ། སྐྱེ་ཁམས་བཟང་པོར་བརྟེན་ནས་ཡུལ་སྐོར་སྤུས་ཚད་ལེགས་སུ་གཏོང་བ་བཅས་བྱས་ཏེ། སྐྱེ་ཁམས་བཟང་པོ་ལས་ཐོན་ལས་དར་རྒྱས་དང་མི་དམངས་ཕྱུག་པོ་ཆགས་པ་དང་། ཕྱོགས་གཅིག་ལ་ཕན་པ་ཐོབ་པར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།