དབང་ཧའེ་ཀྲོའུ་ཡིས་རང་སྐྱོང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་དོན་ཁང་དུ་བརྟག་ཞིབ་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་རུ་སྣེ་ཁྲིད་དེ་རང་སྐྱོང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་དོན་ཁང་དུ་བརྟག་ཞིབ་གནང་ནས། དྲ་འཕྲིན་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལས་དོན་ལ་སྐུལ་འདེད་བཏང་ཚུལ་ས་གནས་ས་ཐོག་ཏུ་མཁྱེན་རྟོགས་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བར་མཛུབ་ཁྲིད་གནང་བ་མ་ཟད། དྲ་འཕྲིན་གཞུང་དོན་ཁང་གི་ལས་བྱེད་ལས་བཟོ་དང་བཞུགས་མོལ་ཡང་གནང་བ་རེད།
དབང་ཧའེ་ཀྲོའུ་དང་བཅས་པ་སྔ་རྗེས་སུ་དྲ་རྒྱའི་འཕྲལ་སྡོམ་བཀོད་འདོམས་ལྟེ་གནས་དང་། དྲ་རྒྱའི་དཔྱད་བསྡུར་ལྟེ་གནས། ཁྱབ་སྤེལ་ལྟེ་གནས་སོགས་སྡེ་ཚན་དུ་ཕེབས་ནས་ལག་རྩལ་དོ་དམ་ལས་སྟེགས་འཛུགས་སྐྱོང་དང་། དྲ་ཐོག་ཆ་འཕྲིན་ཁྱབ་སྤེལ། གླེང་ཕྱོགས་ཀྱི་ཁྲིད་སྟོན་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་གཟིགས་ཞིབ་ཞིབ་ཕྲ་གནང་ཞིང་། ཁོང་གིས་དྲ་འཕྲིན་སྡེ་ཚན་གྱིས་དྲ་རྒྱའི་འགོ་ཁྲིད་ཀྱི་སྒྲིག་སྲོལ་དང་ལས་ཀའི་མཐུན་སྦྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཏང་ཨུད་ཀྱི་འགོ་ཁྲིད་དང་། སྲིད་གཞུང་གི་དོ་དམ། ཁེ་ལས་ཀྱི་འགན་འཁྲི་སྒྲུབ་པ། སྤྱི་ཚོགས་ཀྱི་ལྟ་སྐུལ། དྲ་དམངས་རང་གཅུན་སོགས་བྱེད་པོ་མང་པོ་ཞུགས་པ་དང་། ཁྲིམས་སྐྱོང་དང་། དཔལ་འབྱོར། ལག་རྩལ་སོགས་བྱེད་ཐབས་སྣ་ཚོགས་ཟུང་དུ་འབྲེལ་བའི་དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་གི་རྣམ་པ་ནུས་ཤུགས་ཡོད་རྒུས་འཐུས་སྒོ་ཚང་དུ་བཏང་སྟེ། སྡེ་ཚན་གྱི་མཐུན་སྦྱོར་གཞོགས་འདེགས་གཏིང་ཟབ་ཏུ་བཏང་ནས་དྲ་རྒྱ་བཅོས་སྐྱོང་གི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས། དྲ་རྒྱའི་ནང་དོན་འཛུགས་སྐྱོང་དང་དོ་དམ་འགན་ནུས་ཆེ་རུ་གཏོང་བ་དང་། དྲ་ཐོག་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་སྐྱོད་པ། དྲ་རྒྱའི་ཤེས་དཔལ་དང་དྲ་རྒྱའི་བར་སྟོང་གི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། དྲ་རྒྱའི་ཁོར་ཡུག་བཅོས་སྐྱོང་གི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་དེ་བས་གཙང་བའི་དྲ་རྒྱའི་བར་སྟོང་གཏོད་དགོས་ཞེས་བསྟན་གནང་བ་རེད།
དབང་ཧའེ་ཀྲོའུ་ཡིས། “སོར་རྩེའི་ཕྱི་ཚུལ་རིང་ལུགས”སོགས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་མུ་མཐུད་དུ་བཅོས་སྐྱོང་བྱས་ཏེ། མང་ཚོགས་ཀྱིས་དྲ་ཐོག་ཏུ་གནས་ཚུལ་སྙན་སེང་ཞུ་བའི་ཐབས་ལམ་ཤར་གཏོང་བྱེད་པ་དང་སྤྱི་ཚོགས་དང་དམངས་ཚོགས་ཀྱི་དོ་ཁུར་ལ་དུས་ཐོག་ཏུ་ལན་བརྒྱབ་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་ཏན་ཏིག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།