ཝང་ཅུན་ཀྲེང་གིས་ཆིང་ཧྭ་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་ཆིའུ་ཡུང་དང་བཞུགས་མོལ་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་ཆིང་ཧྭ་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཆིའུ་ཡུང་བཅས་པ་དང་བཞུགས་མོལ་གནང་ཞིང་། འདི་ནི་བཞུགས་མོལ་གནང་ཡུལ་ཡིན་པ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་ཆིང་ཧྭ་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཆིའུ་ཡུང་བཅས་པ་དང་བཞུགས་མོལ་གནང་བ་རེད།
ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཆིང་ཧྭ་སློབ་ཆེན་གྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། ཆིང་ཧྭ་སློབ་ཆེན་ལ་ཚན་རྩལ་གསར་གཏོད་དང་སློབ་གསོ་སློབ་ཁྲིད་སོགས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པར་སྤོབས་སེམས་ཆེན་པོ་སྐྱེ་གི་འདུག ཁོང་གིས་ཆིང་ཧྭ་སློབ་ཆེན་ནི་རང་རྒྱལ་གྱི་མཐོ་རིམ་སློབ་གྲྭ་གྲགས་ཅན་ཞིག་རེད། ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་སྒོ་དབྱེ་བཅས་ཀྱི་སྐབས་ཕུལ་བྱུང་ཤེས་ལྡན་པ་འབོར་ཆེན་གསོ་སྐྱོང་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། བོད་ལྗོངས་དང་ཆིང་ཧྭ་སློབ་ཆེན་དབར་འབྲེལ་བ་ཟབ་པ་དང་། མཉམ་ལས་ཀྱི་རྨང་གཞི་བརྟན་ལ་མདུན་ལམ་རྒྱ་ཆེ་བས། ཕྱོགས་གཉིས་པོས་རང་འགུལ་ངང་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བ་དང་། བོད་ཀྱི་འཕེལ་རྒྱས་དགོས་མཁོར་དམིགས་ནས་མཉམ་ལས་ཀྱི་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་དང་མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་སྐྱེད་བཏང་སྟེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་འབུལ་བ་དང་། རང་སྐྱོང་ལྗོངས་དང་སློབ་གྲྭའི་སྤེལ་རེས་མཉམ་ལས་བྱེད་ཟབ་ཏུ་བཏང་ནས་ཤེས་ལྡན་པ་དང་། རིག་སྟོབས། ཚན་རྩལ་སོགས་ཐད་ཀྱི་ཆིང་ཧྭ་སློབ་ཆེན་གྱི་ལེགས་ཆ་གང་ལེགས་འདོན་པ་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ།
ནུས་རྒྱུ་གཙང་མ་དང་ལྗང་མདོག་བཟོ་ལས་སོགས་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་ཧུར་ཐག་ཞུགས་པ། འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་ལ་རྒྱུན་ཆད་མེད་པར་གཡུར་ཟའི་གྲུབ་འབྲས་ཐོབ་པ་བཅས་བྱས་ཏེ། བོད་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་དང་སྲིད་ཇུས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བར་བྱེད་པ། བོད་ཀྱི་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མཐོ་རིམ་སློབ་གསོ་དང་རྨང་གཞིའི་སློབ་གསོ་སོགས་ཀྱི་ཐད་ལག་གདང་དཔུང་སྦྲེལ་དང་། སློབ་གསོའི་འདུ་ཤེས་ལ་འགྱུར་ལྡོག་གཏོང་བ། སློབ་གསོ་གཏོང་སྟངས་ལེགས་བཅོས། ཤེས་ལྡན་པ་གསོ་སྐྱོང་གི་ནུས་པ་ཆེ་རུ་གཏོང་བ། ལས་ཀའི་ཆད་སྐྱོན་སེལ་བ། བོད་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་འགྲོ་བར་རམ་འདེགས་བཅས་བྱས་ཏེ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཛད་མཐའ་མེད་པའི་སྒུལ་ཤུགས་སྣོན་པ། རིག་སྟོབས་ཀྱི་འདེགས་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་བོད་ལ་ཆུ་ཚད་མཐོ་བའི་གསར་གཏོད་ཚོགས་པ་དང་ཚན་རྩལ་ཤེས་ལྡན་པ་གསོ་སྐྱོང་བྱེད་རོགས་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་རིང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། ཨར་ལས་བཟོ་སྐྲུན། མི་ཆོས་རིག་གནས་དང་སྤྱི་ཚོགས་ཚན་རིག་སོགས་ཁྱབ་ཁོངས་ཀྱི་ཤེས་ལྡན་པ་དེ་བས་མང་བ་འདེམས་གཏོང་། ཕུལ་བྱུང་སློབ་མ་དེ་བས་མང་བ་བོད་དུ་གཞིས་ཆགས་པ་དང་། བོད་ལ་ཞབས་འདེགས་ཞུ་བ། བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་ལྕག་བཅས་བྱས་ཏེ། བོད་ལྗོངས་དང་ཆིང་ཧྭ་སློབ་ཆེན་དབར་མཉམ་དུ་སྐུལ་འདེད་དང་མཉམ་དུ་འཕེལ་རྒྱས་དང་། གཉིས་ཀ་གྲུབ་འབྲས་ཐོབ་པའི་གསོན་ཉམས་དོད་པའི་རྣམ་པ་ཆགས་པར་བྱེད་པའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཆིའུ་ཡུང་གིས། འདི་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ལོ་རེད། ལོ་60ཡི་རིང་། ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ནས། གང་སར་དབྱར་མཚོ་རྒྱས་པ་བཞིན་གྱི་རྣམ་པ་བཟང་པོ་མངོན་ཡོད། འགོ་འཛུགས་ས་གསར་པར། ཆིང་ཧྭ་སློབ་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། ཚུགས་གནས་དེ་བས་མཐོ་བ་དང་སྤེལ་ཤུགས་དེ་བས་ཆེན་པོས་སློབ་གྲྭ་དང་རང་སྐྱོང་ལྗོངས་དབར་གྱི་མཉམ་ལས་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་བ་དང་། ཤེས་ལྡན་པ་གསོ་སྐྱོང་འདྲེན་གཏོང་དང་། གཙོ་གནད་ཀྱི་ཚན་རིག་ཞིབ་འཇུག་འགག་སྒྲོལ། ཐོན་སློབ་ཞིབ་གསུམ་མཉམ་སྒྲུབ་གསར་གཏོད། སློབ་གསོའི་རོགས་སྐྱོར་དང་དྲ་ཐོག་སློབ་གསོ། རིག་གནས་རྒྱུན་འཛིན་འཕེལ་རྒྱས་སོགས་ཀྱི་ཐད་རྒྱུན་མཐུད་ཤུགས་བརྒྱབ་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་ཞབས་འདེགས་དེ་བས་ལེགས་པ་ཞུ་གི་ཡིན་ཞེས་གསུངས་པ་རེད།
འབྲེལ་ཡོད་གསར་འགྱུར།