རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་པ།
ཚེས་7ཉིན། རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ལིའུ་ཅང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བསོད་ནམས་ཉི་མས་ཚོགས་འདུ་གཙོ་སྐྱོང་གནང་བ། ལྕགས་རྭ་བློ་བཟང་བསྟན་འཛིན་དང་ཀྲའོ་ཕེང་། དེ་བཞིན་ལྷ་སར་བཞུགས་པའི་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ལས་བྲལ་དང་རྒན་ཡོལ་ཞུས་པའི་ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན་ཚོགས་འདུར་ཞུགས་ཡོད་པ་རེད།
ལིའུ་ཅང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ཏེ་སྲིད་གྲོས་ཀྱི་བློ་མཐུན་རྒན་གྲས་དང་། ཏང་ཕྱིའི་འཐུས་ཚབ་མི་སྣ། སྲིད་གྲོས་ཨུ་ཡོན་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་ཤིང་། ཁོང་གིས་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་ཟེར་སྟོང་ལྡན་འོག རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60སོང་ཚུན་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཉིན་རེ་བཞིན་འཕེལ་རྒྱས་བྱུང་བ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ནུས་ལྡན་སོང་བ། བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་ཏང་ཕྱིའི་མི་སྣས་མཉམ་ལས་ཀྱི་ཐོག་མའི་བསམ་འདུན་མ་བརྗེད་པར་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་དང་མཐུན་སྒྲིལ་རྒྱ་ཁྱབ་བྱས་ནས་གྲོས་མོལ་དམངས་གཙོ་ཧུར་ཐག་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་གསུངས་པ་རེད།
ལིའུ་ཅང་གིས། ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ། མི་དམངས་སྲིད་གྲོས་ཀྱི་ཆབ་སྲིད་ཀྱི་ངོ་བོ་དང་། སྲིད་གྲོས་ཨུ་ཡོན་གྱི་ཆབ་སྲིད་ཀྱི་ཐོབ་ཐང་། བརྟན་ལྷིང་སྲུང་སྐྱོང་གི་ལས་འགན་ཨང་དང་པོ་བཅས་དུས་དང་རྣམ་པ་ཀུན་ཏུ་བློ་ལ་བརྟན་པོར་ངེས་ནས་འགན་སྒྲུབ་ཀྱི་ཁ་ཕྱོགས་ཡང་དག་ཡོང་བའི་འགན་ལེན་བྱེད་དགོས། ཐོག་མཐའ་བར་གསུམ་དུ་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྣོན་ལ་ཤུགས་སྣོན་བརྒྱབ་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བའི་རྩ་བའི་ནུས་རྩལ་དུ་བརྩིས་ནས་ཆབ་སྲིད་ཀྱི་མཐུན་ཆ་བརྟན་པོ་སྲུང་བ་དང་། ཆབ་སྲིད་ཀྱི་མོས་སེམས་ཆེ་རུ་གཏོང་བ། རྒྱ་ཁྱབ་མཐུན་སྒྲིལ་ཟབ་ཏུ་གཏོང་བ་བཅས་བྱེད་དགོས། ཐོག་མཐའ་བར་གསུམ་དུ་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་སྟེ“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན་བརྒྱབ་ནས་ཐབས་ཇུས་བཟང་པོ་འབུལ་བ་དང་། ཁ་ཏ་བསླབ་བྱ་བྱེད་པ། དམངས་ཀྱི་བློ་གྲོས་གཅིག་ཏུ་བསྡུ་བ་བཅས་ཧུར་ཐག་བྱེད་དགོས། ཐོག་མཐའ་བར་གསུམ་དུ་སློབ་སྦྱོང་དང་ལག་ལེན་ལ་ཤུགས་སྣོན་བརྒྱབ་ནས་ལས་སྒྲུབ་འཇོན་ཐང་ཆེ་རུ་བཏང་སྟེ། དུས་རབས་གསར་པའི་སྲིད་གྲོས་ཨུ་ཡོན་གྱི་གཟུགས་བརྙན་བཟང་པོ་མངོན་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ལིའུ་ཅང་གིས། རིམ་ཁག་རྩ་འཛུགས་དང་འཐབ་ཕྱོགས་གཅིག་གྱུར་སོགས་སྡེ་ཚན་གྱིས་ཏང་ཕྱིའི་འཐུས་ཚབ་མི་སྣ་གསོ་སྐྱོང་དང་། འདེམས་སྒྲུག བཀོལ་སྤྱོད་བཅས་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། རིམ་ཁག་སྲིད་གྲོས་ཀྱིས་ཏང་ཕྱིའི་མི་སྣའི་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་དགོས། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཏང་ཕྱིའི་མི་སྣ་དང་གྲོགས་པོ་བསྒྲིགས་ནས་ཆབ་སྲིད་ཐད་བརྩི་འཇོག་དང་། ལས་ཀའི་ཐད་སེམས་ཁུར། འཚོ་བའི་ཐད་ལྟ་རྟོག བསམ་བློའི་ཐད་ཐུགས་ཁུར་བཅས་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་དང་བཀྲ་ཤིས་ཟླ་བ་སོགས་ཏང་ཕྱིའི་འཐུས་ཚབ་མི་སྣ་བརྒྱད་ཀྱིས་སྤེལ་རེས་གཏམ་བཤད་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།