རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ཀྲུང་གོར་བཅའ་སྡོད་མེ་ཀོང་གཙང་པོའི་རྒྱུད་ཀྱི་རྒྱལ་ཁབ་ཀྱི་གཞུང་ཚབ་དང་མཐོ་རིམ་ཕྱི་འབྲེལ་དཔོན་དང་མཇལ་འཛོམས་གནང་བ།
ཚེས་8ཉིན། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲའོ་ཕེང་གིས་ལྷ་སར་ཀྲུང་གོར་བཅའ་སྡོད་ཝེ་ཐེ་ནམ་གྱི་གཞུང་ཚབ་ཧྥེན་ཆིང་ཕིང་དང་། ཀྲུང་གོར་བཅའ་སྡོད་འབར་མའི་གཞུང་ཚབ་ཏིང་མའོ་རུའེ། ཀྲུང་གོར་བཅའ་སྡོད་ཐེ་ལན་གྱི་གཞུང་ཚབ་ཧན་ཚན་ཚའེ། ཀྲུང་གོར་བཅའ་སྡོད་ཁམ་ཕུ་ཁྲེའི་གཞུང་ཚབ་ཁང་གི་གནས་སྐབས་ཚབ་གཉེར་ཕཱ་ལཱ་མཱ། ཀྲུང་གོར་བཅའ་སྡོད་ལོ་སིའི་གཞུང་ཚབ་ཁང་གི་ཚན་ཙན་སུའུ་ཐི་ཏ་སོགས་ཀྲུང་གོར་བཅའ་སྡོད་མེ་ཀོང་གཙང་པོའི་རྒྱུད་ཀྱི་རྒྱལ་ཁབ་ཀྱི་གཞུང་ཚབ་དང་མཐོ་རིམ་ཕྱི་འབྲེལ་དཔོན་བཅས་པ་དང་མཇལ་འཛོམས་གནང་བ་རེད།
ཀྲའོ་ཕེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཀྲུང་གོར་བཅའ་སྡོད་མེ་ཀོང་གཙང་པོའི་རྒྱུད་ཀྱི་རྒྱལ་ཁབ་ཀྱི་གཞུང་ཚབ་དང་མཐོ་རིམ་ཕྱི་འབྲེལ་དཔོན་བཅས་པ་བོད་དུ་ལྟ་སྐོར་དང་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་པ་མ་ཟད། བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་རགས་ཙམ་གནང་ཡོད། ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་བོད་ལྗོངས་དང་མེ་ཀོང་གཙང་པོའི་རྒྱུད་ཀྱི་རྒྱལ་ཁབ་ལྔ་པོའི་དབར་གྱི་སྤེལ་རེས་མཉམ་ལས་མུ་མཐུད་འཕེལ་རྒྱས་གཏིང་ཟབ་ཕྱིན་ནས་ཕྱོགས་ཁག་ལ་ཕན་པ་དངོས་དངོས་རྗེན་རྗེན་ཐོབ་ཡོད། ཚང་མས་ཀྲུང་གོའི་བོད་ལྗོངས་དང་མེ་ཀོང་གཙང་པོའི་རྒྱུད་ཀྱི་རྒྱལ་ཁབ་ཀྱི་མཛའ་གྲོགས་མཉམ་ལས་ལ་རྒྱབ་སྐྱོར་དང་སྐུལ་འདེད་ཧུར་ཐག་བཏང་ནས། ཐུན་མོང་ཐོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཀྲུང་གོར་བཅའ་སྡོད་མེ་ཀོང་གཙང་པོའི་རྒྱུད་ཀྱི་རྒྱལ་ཁབ་ཀྱི་གཞུང་ཚབ་དང་མཐོ་རིམ་ཕྱི་འབྲེལ་དཔོན་དང་བཅས་པས་ཀྲུང་གོའི་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཚད་མཐོའི་བསྔགས་བརྗོད་གནང་བ་མ་ཟད། ཨེ་ཤེ་ཡའི་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་ཁྱབ་ཁོངས་ཁག་སྤེལ་རེས་སྔར་བས་ཟབ་ཏུ་གཏོང་བ་དང་། ལྷག་པར་དུ་རྫ་ཆུ་དང་མེ་ཀོང་གཙང་པོའི་རྒྱུད་ཀྱི་སྒྲོམ་གཞིའི་འོག་ས་གནས་དབར་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་ནས་མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་རྒྱུའི་ཐུགས་རེ་གནང་ཡོད།
འབྲེལ་ཡོད་གསར་འགྱུར།