བསོད་ནམས་ཉི་མས་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་དང་བོད་ལྗོངས་ནང་བསྟན་སློབ་གླིང་དུ་བརྟག་ཞིབ་གནང་བ།
ཚེས་8ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བསོད་ནམས་ཉི་མས་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་དང་བོད་ལྗོངས་ནང་བསྟན་སློབ་གླིང་དུ་བརྟག་ཞིབ་གནང་ནས། ཆོས་ལུགས་མི་སྣ་གསོ་སྐྱོང་སོགས་ཀྱི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་གནང་བ་མ་ཟད། ཏང་ཡོན་ལས་བྱེད་པ་དང་ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་མི་སྣ་དང་བཞུགས་མོལ་ཡང་གནང་བ་རེད།
བསོད་ནམས་ཉི་མས་གསུངས་དོན། ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་བརྒྱུད་ནང་བསྟན་ལས་རིགས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་དྲིལ་བསྒྲགས་བྱས་ནས། ཆོས་ལུགས་ལས་རིགས་མི་སྣར་ཕན་སུ་ལ་འདོགས་པ་དང་ཕན་པ་གང་ནས་བྱུང་བ་གཏིང་ཟབ་རྟོགས་པར་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་རྒྱུའི་སློབ་གསོ་ཁྲིད་སྟོན་བྱེད་དགོས།
བསོད་ནམས་ཉི་མས་ནན་བཤད་གནང་དོན། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་། “ལོ་རྒྱུས་ལྔའི”སློབ་གསོ། བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་སློབ་གསོ། མར་ཁེ་སི་རིང་ལུགས་ཀྱི“ལྟ་བ་ལྔའི”སློབ་གསོ་བཅས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་ཆོས་ལུགས་ལས་རིགས་མི་སྣའི“མོས་སེམས་ལྔ”ཆེ་རུ་ཟམ་མི་ཆད་པར་གཏོང་དགོས།
ཕྱོགས་ཡོངས་ནས་ཆོས་ལུགས་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་ཀྱིས་འདུལ་ཁྲིམས་དང་བསྟན་དོན་ལ་གསལ་འགྲེལ་བྱེད་ཟབ་ཏུ་བཏང་ནས། “དོན་ཆེན་བཞི”དང“འཛུགས་གཏོད་བཞིར”ལེགས་སྐྱེས་ཧུར་ཐག་འབུལ་དགོས།
རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ། བོད་ལྗོངས་ནང་བསྟན་སློབ་གླིང་གི་ཡོན་ཀྲང་བཅས་ཡིན་པའི་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཞུགས་པ་རེད།
འབྲེལ་ཡོད་གསར་འགྱུར།