ཡན་ཅིན་ཧའེ་ཡིས་ཁོངས་གཏོགས་ཏང་ཀྲི་པུའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོར་ཞུགས་པ་དང་ཏང་གི་སློབ་ཚན་ཁྲིད་གནང་བ།
ཚེས་9ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་ཁོངས་གཏོགས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ལས་ཁུངས་དྲུང་ཡིག་ཁྲུའུ་ཡིག་སྒྱུར་ཁང་ཆ་འཕྲིན་ལྟེ་གནས་ཀྱི་ཏང་ཀྲི་པུའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོར་ཞུགས་པ་དང་འབྲེལ་ཏང་གི་སློབ་ཚན་ཁྲིད་གནང་བ་རེད།
བྱེད་སྒོ་སྤེལ་རིང་། ཏང་ཀྲི་པུའི་ཏང་ཡོན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་གི་མྱོང་ཚོར་སྤེལ་རེས་བྱས་པ་རེད། གཏམ་བཤད་གསན་རྗེས། ཡན་ཅིན་ཧའེ་ཡིས་གསུངས་དོན། གཏན་འབེབས་དོན་ཚན་བརྒྱད་བཏོན་མ་ཐག་སྤྱོད་ཚུལ་འཛུགས་སྐྱོང་ལེགས་སུ་ཤུགས་ཆེན་ཕྱིན་ནས། ཏང་སྲོལ་དང་། སྲིད་སྲོལ། སྤྱི་ཚོགས་ཀྱི་དར་སྲོལ་བཅས་གསར་རྐྱང་དུ་གྱུར་པ་དང་། ཏང་སེམས་དང་། དམག་སེམས། དམངས་སེམས་བཅས་ཚད་མཐོའི་གཅིག་སྡུད་བྱུང་ནས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་རྒྱུན་ཆད་མེད་པར་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་ཕྱིན་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་འགོ་ཁྲིད་དང་སྐུལ་འདེད་ཤུགས་ཆེན་འོག ལྗོངས་ཡོངས་ཀྱི་གོང་འོག་གིས་སྤྱོད་ཚུལ་མུ་མཐུད་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་པས། སེམས་ཤུགས་གཅིག་སྒྲིལ་དང་ཤུགས་སྒྲིམ་ལས་སྒྲུབ་ཀྱི་རྣམ་པ་སྔར་བས་ཟབ་ཏུ་ཕྱིན་ཡོད།
ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། ཏང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱས་ཏེ། ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་ལ་བརྟེན་ནས་ཆབ་སྲིད་ཀྱི་གཞི་རྩ་བརྟན་པོར་འཛུགས་དགོས། ཆབ་སྲིད་ལས་ཁུངས་ཀྱི་ངོ་བོ་ཁོང་དུ་ནན་པོ་ཆུད་པར་བྱས་ཏེ། ཐོབ་ཐང་དང་པོ་ནི་གུང་ཁྲན་ཏང་ཡོན་ཡིན་པ་དང་། འགན་འཁྲི་དང་པོ་ནི་ཏང་གི་ཆེད་དུ་ལས་དོན་བསྒྲུབ་རྒྱུ་ཡིན་པ་བློ་ལ་བརྟན་པོར་ངེས་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལག་བསྟར་བྱ་ཐབས་ཀྱི་རང་འགུལ་རང་བཞིན་སློབ་སྦྱོང་དང་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་སྟེ། སྤྱོད་ཚུལ་འཛུགས་སྐྱོང་ནུས་ལྡན་ལ་བརྟེན་ནས་ཏང་ཐུགས་བློ་བདེ་པོ་ཡོང་བ་དང་། མི་དམངས་བློ་ཡིད་ཚིམ་པའི་ཆབ་སྲིད་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་སྤྱོད་ཚུལ་བཟང་པོར་བརྟེན་ནས་དམངས་ཆེད་བརྩེ་སེམས་ཟབ་ཏུ་གཏོང་དགོས། མི་དམངས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་ཀྱིས“འབྲེལ་བ་གཉིས”རྒྱ་སྐྱེད་གཏིང་ཟབ་གཏོང་བ་དང་། མང་ཚོགས་ཀྱི་གནས་ཚུལ་ཤེས་དབང་དང་། དེའི་ནང་ཞུགས་དབང་། སྐད་ཆ་ཤོད་དབང་། ལྟ་སྐུལ་བྱེད་དབང་བཅས་མི་དམངས་འཐུས་ཚོགས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་གང་སར་དོན་འཁྱོལ་ཐུབ་པར་བྱས་ནས། མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཐོག བྱ་སྤྱོད་དངོས་ལ་བརྟེན་ནས་དམངས་ཆེད་ལས་དོན་སྒྲུབ་དགོས། ཐོག་མཐའ་བར་གསུམ་དུ་མཐའ་ཚད་བརྟན་པོར་སྲུང་བ་དང་སྤྱོད་ཚུལ་ནན་པོར་བརྟེན་ནས་སྤྱོད་གཙང་སྲོལ་བཟང་ནམ་ཡང་མི་ཉམས་པར་བྱས་ཏེ། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང“ལམ་གཉིས”ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། གཞུང་དྲང་ལ་བརྟེན་ནས་རང་ཚུགས་ཐུབ་པ་དང་། སྤྱོད་གཙང་ལ་བརྟེན་ནས་ཕུགས་འདུན་རྟོགས་པ། སྤྱོད་ཚུལ་བཟང་པོར་བརྟེན་ནས་ལས་དོན་སྒྲུབ་པ་བཅས་བྱས་ཏེ། ཆབ་སྲིད་ཀྱི་རྩིས་དང་། དཔལ་འབྱོར་གྱི་རྩིས། མཚན་སྙན་གྱི་རྩིས། ཁྱིམ་ཚང་གི་རྩིས། གཉེན་ཉེའི་རྩིས། རང་དབང་གི་རྩིས་དང་བདེ་ཐང་གི་རྩིས་བཅས་ཡག་པོ་བརྒྱབ་ནས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།