ཝང་ཅུན་ཀྲེང་གིས་ལྷ་སའི་གྲོང་ཁུལ་རྙིང་པ་སྒྱུར་བཀོད་རིམ་སྤོར་ལས་དོན་ལ་བརྟག་ཞིབ་གནང་བ།
ལིའུ་ཅང་ཞུགས་པ།
ཟླ་7ཚེས་8ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་གྲོང་ཁུལ་རྙིང་པ་སྒྱུར་བཀོད་རིམ་སྤོར་ལས་དོན་ལ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་ལྕགས་པོ་རིར་བརྟག་ཞིབ་གནང་བཞིན་པ།
ཟླ་7ཚེས་8ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་གྲོང་ཁུལ་རྙིང་པ་སྒྱུར་བཀོད་རིམ་སྤོར་ལས་དོན་ལ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་ལྷ་ས་སྐྱིད་ཆུའི་ངོགས་གཉིས་ཀྱི་རྐང་ཐང་ལམ་དུ་བརྟག་ཞིབ་གནང་སྐབས་མང་ཚོགས་དང་བྱམས་བརྩེའི་ངང་གླེང་མོལ་གནང་བཞིན་པ།
● མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། མི་དམངས་ཀྱི་གྲོང་ཁྱེར་གྱི་འདུ་ཤེས་ལག་ལེན་བསྟར་བ། གྲོང་ཁུལ་རྙིང་པ་སྒྱུར་བཀོད་ལེགས་གཏོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
ཟླ་7ཚེས་8ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སའི་གྲོང་ཁུལ་རྙིང་པ་སྒྱུར་བཀོད་རིམ་སྤོར་ལས་དོན་ལ་བརྟག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲོང་ཁྱེར་གྱི་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། མི་དམངས་ཀྱི་གྲོང་ཁྱེར་གྱི་འདུ་ཤེས་ལག་ལེན་བསྟར་བ། གྲོང་ཁྱེར་གསར་སྒྱུར་བྱ་སྤྱོད་ཧུར་ཐག་སྤེལ་བ། གྲོང་ཁུལ་རྙིང་པ་སྒྱུར་བཀོད་རིམ་སྤོར་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་གྱི་རྣམ་པར་འགྱུར་ལྡོག་བྱུང་བར་ཁས་ལེན་གནང་ཞིང་། ཁོང་གིས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་གྲོང་ཁྱེར་གསར་སྒྱུར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་དང་ཆེད་དོན་ཚོགས་འདུ་སོགས་འཚོགས་ནས་གྲོང་ཁུལ་རྙིང་པ་སྒྱུར་བཀོད་རིམ་སྤོར་ལས་དོན་དེ་གྲོང་ཁྱེར་གསར་སྒྱུར་གྱི་ལས་འགན་གལ་ཆེན་ལ་བརྩིས་ནས་སྤྱི་འདོམས་ཇུས་འགོད་དང་། ཞིབ་འཇུག་གཏིང་ཟབ། ཚན་རིག་དང་མཐུན་པའི་སྒྲིག་འཛུགས་བཅས་བྱས་ཏེ། གྲོང་ཁྱེར་གྱི་གྲུབ་ཆ་ལེགས་སྒྱུར་དང་། བྱེད་ནུས་འཐུས་ཚང་། རིག་གནས་རྒྱུན་འཛིན། སྤུས་ཚད་མཐོར་གཏོང་བཅས་ལ་སྐུལ་འདེད་བཏང་ཡོད། ལོ་ཤས་རིང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་སྒྱུར་བཀོད་རིམ་སྤོར་དང་། འགྲིམ་འགྲུལ་དྲ་རྒྱ་ལེགས་གཏོང་། སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་རིམ་སྤོར། གྲོང་ཁྱེར་གྱི་སྐྱེ་ཁམས་མ་ལག་ཉམས་གསོ། གྲོང་ཁྱེར་གྱི་ལོ་རྒྱུས་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་སོགས་ཀྱི་བྱ་ཐབས་རབ་དང་རིམ་པ་བརྒྱུད། གྲོང་ཁྱེར་གྱི་རྣམ་པ་གསར་རྐྱང་དུ་གྱུར་པ་དང་། ཞབས་ཞུའི་ཕན་ནུས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། རྣམ་པ་དང་ཁྱད་ཆོས་དེ་བས་མངོན་པ་བཅས་བྱུང་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ལས་ཀ་དང་འཚོ་བའི་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་འཚོ་བའི་སྤུས་ཚད་མཐོ་རུ་བརྟན་པོ་ཕྱིན་ཡོད་ཅེས་གསུངས་པ་རེད།
གྲོང་ཁུལ་རྙིང་པ་སྒྱུར་བཀོད་རིམ་སྤོར་ལ་དམིགས་ནས་ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་གྱི་ཁོར་ཡུག་ལེགས་སུ་བཏང་བ་དང་། གྲོང་ཁྱེར་གྱི་རྣམ་པར་ལེགས་བཅོས་ཏན་ཏིག་བྱས་པར་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ཡོད། སྦྲག་སྲིད་ཐོག་ཁང་དང་། ལྕགས་པོ་རི། ལྷ་ས་སྐྱིད་ཆུའི་ངོགས་གཉིས་ཀྱི་རྐང་ཐང་ལམ་བཅས་སུ་ཝང་ཅུན་ཀྲེང་གིས་ས་གནས་ས་ཐོག་ཏུ་རྣམ་པ་ལེགས་བཅོས་དང་། ཁོར་ཡུག་བཅོས་སྐྱོང་། གྲོང་ཁྱེར་སྔོ་འགྱུར་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་དང་ཆབས་ཅིག་ལས་ཀའི་གྲུབ་འབྲས་ལ་ཁས་ལེན་གནང་བ་དང་། རྒྱ་ཆེའི་འཛུགས་སྐྲུན་པར་ཐུགས་རྗེ་ཆེའང་ཞུས་པ་རེད། ཝང་ཅུན་ཀྲེང་གིས་སྐྱིད་ཆུའི་འགྲམ་དུ་སྤྲོ་གསེང་འཆམ་འཆམ་བྱེད་བཞིན་པའི་གྲོང་མི་དང་སྤེལ་རེས་གནང་ནས། ཁོང་ཚོར་རང་བྱུང་ཁམས་ལ་ཉེ་བཅར་དང་དགའ་བདེའི་འཚོ་བར་རོལ་ཏེ། སྤྲོ་གསེང་འཆམ་འཆམ་བྱས་ནས་ལུས་སེམས་བདེ་པོ་ཡོང་བར་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད། ཁོང་གིས། མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱིས་སྐྲུན་པ་དང་གྲོང་ཁྱེར་ཡག་པོ་སྐྲུན་པ་ནི་མི་དམངས་ཀྱི་ཆེད་དུ་ཡིན་པ་མཐའ་འཁྱོངས་བྱས་ནས། གྲོང་ཁྱེར་འཛུགས་སྐྲུན་ལ་ཞུགས་པའི་མི་དམངས་མང་ཚོགས་ཀྱི་ཧུར་སེམས་དང་གསར་གཏོད་རང་བཞིན་ལ་སྐུལ་སྤེལ་གང་ལེགས་བྱས་ཏེ། གྲོང་ཁྱེར་མཉམ་བཅོས་མཉམ་འདོམས་དང་མཉམ་སྐྲུན་མཉམ་སྤྱོད་དངོས་འབྲེལ་ཐུབ་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།
བརྟག་ཞིབ་གནང་རིང་། ཝང་ཅུན་ཀྲེང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོང་ཁྱེར་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་སྟེ། གྲོང་ཁྱེར་གྱི་འཛུགས་སྐྲུན་དང་འཕེལ་རྒྱས་སུ་ལ་བརྟེན་དགོས་པ་དང་། སུའི་ཆེད་དུ་ཡིན་པའི་རྩ་བའི་གནད་དོན་ལ་ལན་གཏིང་ཟབ་བསྐྱོན་ཡོད་པ་ལས། ང་ཚོར་གྲོང་ཁྱེར་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། གྲོང་ཁུལ་རྙིང་པ་སྒྱུར་བཀོད་རིམ་སྤོར་ནི་གྲོང་ཁྱེར་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དེ་བས་ཡག་པོ་སྐོང་བའི་ཐབས་ལམ་ནུས་ལྡན་ཞིག་ཡིན་པས། རིམ་པ་ཁག་དང་སྡེ་ཚན་ཁག་གིས“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་བ། གྲོང་ཁུལ་རྙིང་པ་སྒྱུར་བཀོད་རིམ་སྤོར་ལ་སྤུས་ཚད་མཐོན་པོས་སྐུལ་འདེད་གཏོང་བ། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། གྲོང་ཁྱེར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་དེ་བས་ཡག་པ་ཐོབ་པར་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། གནས་འཕྲོད་དང་། མཉེན་ལྡན། རིག་ལྡན་བཅས་ཀྱི་དེང་རབས་ཅན་གྱི་གྲོང་ཁྱེར་འཛུགས་སྐྲུན་མགྱོགས་མྱུར་བྱས་ནས། དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བའི་ཁོར་ཡུག་གཏོད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་གཏིང་ཟབ་བསྟར་བ་དང་། མི་དམངས་མང་ཚོགས་ཀྱི་བྱེད་པོའི་གནས་བབ་ལ་བརྩི་འཇོག་གང་ལེགས་བྱས་ནས། སྲིད་དོན་དམངས་ལ་འདྲི་བ་དང་། མཁོ་དགོས་དམངས་ལ་འདྲི་བ། ཐབས་ཇུས་དམངས་ལ་འདྲི་བ། ཕན་འབྲས་དམངས་ལ་འདྲི་བ་དང་། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་དཔེ་གསར་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། གྲོང་ཁྱེར་དེ་བས་བདེ་ཐང་དང་། དེ་བས་བདེ་འཇགས། དེ་བས་གནས་འཕྲོད་བཅས་ཡོང་བར་བྱེད་དགོས། གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་བཏང་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ་དང་། རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་གོ་སྐབས་ལ་དམ་འཛིན་ནན་པོ་བྱེད་པ། དམིགས་གཞི་མཐོན་པོས་འཆར་གཞི་ཡག་པོ་འགོད་པ་བཅས་བྱས་ཏེ། འབྲེལ་ཡོད་བྱ་ཐབས་དོན་ཐོག་ཏུ་མགྱོགས་མྱུར་འཁྱོལ་བར་བྱེད་དགོས། གྲོང་ཁྱེར་གསར་སྒྱུར་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་ཏན་ཏིག་བཏང་ནས། གནད་ཆེ་དམ་འཛིན་དང་གནད་མེད་ཟུར་འཇོག་མཐའ་འཁྱོངས་དང་། ཚད་གཞི་ཁོང་དུ་ཆུད་པ་དང་འགག་རྩར་དམ་འཛིན་བྱས་ཏེ། ཁུལ་ཆུང་རྙིང་པ་གཙོ་གནད་ཐོག་སྒྱུར་བཀོད་བྱེད་དགོས། གྲོང་ཁྱེར་གྱི་ལོ་རྒྱུས་རིག་གནས་རྒྱུན་འཛིན་གྱིས་འཕེལ་རྒྱས་ཀྱི་སྒུལ་ཤུགས་འཕེལ་བར་བྱས་ནས། སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་། གྲོང་ཁུལ་རྙིང་པ་སྒྱུར་བཀོད་རིམ་སྤོར་དང་གནའ་གྲོང་སྲུང་སྐྱོང་ལས་དོན་ཟུང་འབྲེལ་བྱེད་པ། ལོ་རྒྱུས་རིག་གནས་ཤུལ་བཞག་དག་གྲོང་ཁྱེར་འཛུགས་སྐྲུན་གྱི་ཐོན་ཁུངས་དང་རྒྱུ་ནོར་གལ་ཆེ་ཤོས་ལ་བརྩི་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དེ་གྲོང་ཁྱེར་འཛུགས་སྐྲུན་དང་དོ་དམ་གྱི་བརྒྱུད་རིམ་ཧྲིལ་པོར་འདྲེས་པ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པ་དང་རིག་གནས་ཀྱི་ཁྱིམ་གཞིས་སྐྲུན་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས། གྲོང་ཁྱེར་འཛུགས་སྐྲུན་དོ་དམ་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས། ལྷ་ས་གྲོང་ཁྱེར་གྱིས་ཁོངས་གཏོགས་ས་ཆའི་འགན་འཁྲི་ནན་པོ་འཁུར་བ་དང་། གཙོ་རྒྱུ་འགན་སྲུང་དང་ལས་ཀའི་བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ། ལས་ཀའི་འགན་འཁྲི་ཁ་གསལ་བཟོ་བ་དང་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། ལས་དོན་སྤེལ་རིང་འཕྲད་པའི་དཀའ་ངལ་དང་གནད་དོན་དུས་ཐོག་ཏུ་ཞིབ་འཇུག་ཐག་གཅོད་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་བསམ་བློའི་ལྟ་བ་གསར་བརྗེས་དང་། འཇོན་ཐང་དང་ཆུ་ཚད་མཐོ་རུ་གཏོང་བ། གྲོང་ཁྱེར་ལ་རྒྱུས་མངའ་དང་དོ་དམ་ཐུབ་པ་བཅས་བྱས་ཏེ། ཚན་རིག་དང་མཐུན་པའི་རྣམ་འགྱུར་དང་། སྔོན་ཐོན་གྱི་འདུ་ཤེས། ཆེད་ལས་ཀྱི་ཤེས་བྱ་བཅས་ལ་བརྟེན་ནས་གྲོང་ཁྱེར་འཆར་འགོད་དང་། འཛུགས་སྐྲུན། དོ་དམ་བཅས་བྱེད་དགོས། རིགས་ཁག་གི་སྨྱན་སྦྱོར་གྱིས་ནུས་པ་ཧུར་ཐག་བཏོན་ནས། གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། མང་ཚོགས་ཀྱི་དོ་ཁུར་བྱ་ཡུལ་ལ་ཨ་ལན་བསློགས་ཏེ། རྣམ་པ་བཟང་པོ་གཏོད་དགོས།