རྒྱལ་ཡོངས་སྲིད་གྲོས་མི་འབོར་ཐོན་ཁུངས་ཁོར་ཡུག་ཨུ་ལྷན་བརྟག་ཞིབ་ཚོགས་ཆུང་གིས་བོད་དུ་བརྟག་ཞིབ་དང་བཞུཌ་མོལ་གནང་བ།
ཝང་ཀོང་ཆན་དང་། ཧྥན་ལི་ཀང་། ཀྲང་ཅི་ནན་ཞུགས་པ། ལིའུ་ཅང་གིས་གཙོ་སྐྱོང་གནང་བ།
ཟླ་6ཚེས་30ཉིན་ནས་ཟླ་7ཚེས་4ཉིན་བར། རྒྱལ་ཡོངས་སྲིད་གྲོས་མི་འབོར་ཐོན་ཁུངས་ཁོར་ཡུག་ཨུ་ལྷན་བརྟག་ཞིབ་ཚོགས་ཆུང་གིས་བོད་དུ་བརྟག་ཞིབ་གནང་ཞིང་། ཚེས་4ཉིན་གྱི་ཕྱི་དྲོར། བརྟག་ཞིབ་ཚོགས་ཆུང་གིས་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་བཞུགས་མོལ་གནང་ནས་གནས་ཚུལ་སྙན་སེང་གསན་པ་དང་བརྟག་ཞིབ་གྲུབ་འབྲས་སྤེལ་རེས་གནང་བ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཀོང་ཆན་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་ཧྥན་ལི་ཀང་དང་ཀྲང་ཅི་ནན་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ལིའུ་ཅང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཝང་ཀོང་ཆན་གྱིས། ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རི་ཆུ་ནགས་ཤིང་མཚོ་རྩྭ་བྱེ་འཁྱགས་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་སྤྱི་འདོམས་བྱས་ཏེ་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་ཧུར་ཐག་བཅག་པར་བརྟེན་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཉིན་བཞིན་བརྟན་དུ་ཕྱིན་ཡོད།
མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། མི་དམངས་སྲིད་གྲོས་ཀྱི་ལེགས་ལྡན་ནུས་པ་གང་ལེགས་བཏོན་ཏེ་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་ཧུར་ཐག་གཅོག་རྒྱུར་དམིགས་ནས། མཚོ་བོད་ས་མཐོའི་སྐྱེ་ཁམས་བདེ་འཇགས་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་མ་ཟད། ཚན་རྩལ་གསར་གཏོད་ཀྱི་འདེགས་སྐྱོར་ནུས་པ་འདོན་པ་དང་གནམ་གཤིས་འགྱུར་ལྡོག་ལ་མཐུན་སྦྱོར་ངང་ཁ་གཏད་གཅོག་པའི་ལམ་སྲོལ་འཛུཌ་པ་སོགས་ལ་དམིགས་ནས། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ཏེ། མཛེས་སྡུག་ལྡན་པའི་ཀྲུང་གོ་ཕྱོགས་ཡོངས་ནས་བསྐྲུན་པར་སྐུལ་འདེད་གཏོང་ཆེད་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་གསུངས་པ་རེད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱི་མངགས་བཅོལ་ལྟར། ལིའུ་ཅང་གིས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཚབ་ཞུས་ཏེ་རྒྱལ་ཡོངས་སྲིད་གྲོས་ཀྱི་བོད་སྐྱོད་བརྟག་ཞིབ་ཚོགས་ཆུང་དང་བཅས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་མ་ཟད། རྒྱལ་ཡོངས་སྲིད་གྲོས་ཀྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ལྷག་བསམ་ཟོལ་མེད་ངང་ཐུགས་རྗེ་ཆེ་ཡང་ཞུས་པ་རེད། ཁོང་གིས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ། གངས་ལྗོངས་ས་མཐོའི་རང་བྱུང་མཛེས་ལྗོངས་སྲུང་སྐྱོང་ཡག་པོ་བྱ་རྒྱུར་དམིགས་ཏེ་བརྟག་དཔྱད་ཞིབ་འཇུག་དང་གྲོས་མོལ་གཏིང་ཟབ། ཐབས་འདོན་ཇུས་འབུལ་ཧུར་ཐག་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་བརྟན་པོ་བསྐྲུན་ཆེད་སྲིད་གྲོས་ཀྱི་ལེགས་སྐྱེས་ཕུལ་ཡོད་ཅེས་གསུངས་པ་རེད།
བོད་དུ་བཞུགས་རིང་། བརྟག་ཞིབ་ཚོགས་ཆུང་དང་བཅས་པ་སྔ་རྗེས་སུ་ཉིང་ཁྲི་དང་། ལྷ་ས། ལྷོ་ཁ། གཞིས་རྩེ་སོགས་ས་ཁུལ་གྱི་འདམ་ར་དང་། འཁྱགས་རོམ། མཚོ་དང་ཆུ་བོ་རྒྱུགས་ཁུལ་བཅས་དང་དེ་བཞིན་རྒྱལ་ཁབ་ཀྱི་གནམ་གཤིས་ལྟ་དཔྱད་སྟེགས་བུ་དང་། ལྷ་ས་སྐྱིད་ཆུ་རྒྱུགས་ཁུལ་གྱི་སའི་གོ་ལའི་མ་ལག་ཚན་རིག་རྟོག་ཞིབ་སྟེགས་བུ་སོགས་སུ་ཕེབས་ནས་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་བ་མ་ཟད། ཚན་རྩལ་ལས་དོན་པ་དང་གཞི་རིམ་ལས་བྱེད་པ། མང་ཚོགས་བཅས་དབར་སྤེལ་རེས་དང་། འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་དང་བཞུགས་མོལ་གནང་སྟེ་ཕྱོགས་ཁག་གི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་གསན་པ་རེད།