ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོའི་གྲ་སྒྲིག་ལས་དོན་ལ་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན།
ཚད་མཐོའི་མཐོང་ཆེན་དང་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་ནུས་ཤུགས་ཡོད་རྒུས་གྲ་སྒྲིག་ལས་དོན་ཁག་ཡག་པོ་སྒྲུབ་དགོས།
ལིའུ་ཅང་ཞུགས་པ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོའི་གྲ་སྒྲིག་ལས་དོན་ལ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་བོད་ལྗོངས་གསར་བརྗེ་དང་འཛུགས་སྐྲུན་སྒྱུར་བཅོས་དྲན་གསོ་ཁང་དུ་འགྲེམས་སྟོན་སྒྲིག་གཤོམ་ལ་གཟིགས་པ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོའི་གྲ་སྒྲིག་ལས་དོན་ལ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་བོད་ལྗོངས་གསར་བརྗེ་དང་འཛུགས་སྐྲུན་སྒྱུར་བཅོས་དྲན་གསོ་ཁང་དུ་རྣམ་གྲངས་འཛུགས་སྐྲུན་འཕེལ་རིམ་མཁྱེན་རྟོགས་གནང་བཞིན་པ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོའི་གྲ་སྒྲིག་ལས་དོན་ལ་བརྟག་ཞིབ་གནང་སྐབས། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོ་ཡག་པོ་གཉེར་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་འགན་འཁྲི་ཁུར་སེམས་དང་། ལས་འགན་སྒྲུབ་སེམས། དགོས་གཏུག་གི་བསམ་པ་བཅས་ཟབ་ཏུ་ཏན་ཏིག་བཏང་སྟེ། ཚད་མཐོའི་མཐོང་ཆེན་དང་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་ནུས་ཤུགས་ཡོད་རྒུས་གྲ་སྒྲིག་ལས་དོན་ཁག་ཡག་པོ་སྒྲུབ་པ་དང་། མི་རིགས་ཁག་གི་མང་ཚོགས་དེའི་ནང་ཞུགས་པའི་ཧུར་སེམས་ཆེ་རུ་བཏང་སྟེ། ཐོབ་སྣང་དང་སྐྱིད་སྣང་མུ་མཐུད་ཟབ་ཏུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་པན་ཀྲང་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་དང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་སོགས་སྔ་རྗེས་སུ་འཚོགས་ནས། སྤྱི་འདོམས་འཆར་འགོད་དང་གོ་རིམ་ལྡན་པའི་བཀོད་སྒྲིག་བྱེད་པ་དང་། ཞིབ་འཇུག་ནན་ཏན་དང་སྐུལ་འདེད་ཤུགས་ཆེན་གཏོང་བ། ལས་ཀའི་ལམ་སྲོལ་འཛུགས་པ། འགན་འཁྲི་དང་ལས་འགན་ནན་པོ་དཀྲི་བ། དོན་འཁྱོལ་ལ་དམ་འཛིན་ནན་པོ་དང་སྐུལ་འདེད་གཏོང་བ་བཅས་བྱས་པས། གྲ་སྒྲིག་ལས་དོན་ཁག་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚད་མཐོའི་སྐུལ་འདེད་འོག རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་ཆེ་མོའི་རྣམ་གྲངས་ཏེ། བོད་ལྗོངས་གསར་བརྗེ་དང་འཛུགས་སྐྲུན་སྒྱུར་བཅོས་དྲན་གསོ་ཁང་དང་། སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་གཉིས་པའི་བོད་ལྗོངས་སྨན་ཁང་། བོད་ལྗོངས་སློབ་ཆེན་སློབ་གསོ་གྲོང་གི་སློབ་ཁུལ། རང་སྐྱོང་ལྗོངས་སྨན་རྩིས་ཁང་སྒྱུར་བཀོད་རིམ་སྤོར། ལྷ་ས་གྲོང་ཁྱེར་ཕུ་མདོ་འཐུང་ཆུའི་ལས་གྲྭ གྲོང་ཁྱེར(ས་ཁུལ)7གྱི་གྲོང་སྲིད་འགྲོ་ལམ་སོགས་ཀྱི་རྣམ་གྲངས་ལ་སྤྱི་ཡོངས་དང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་ཡོད། རྣམ་གྲངས་འཛུགས་སྐྲུན་གང་འདྲ་བྱུང་སོང་ངམ། གྲ་སྒྲིག་ལས་དོན་གང་འདྲ་བྱུང་སོང་ངམ་ཞེས་ཝང་ཅུན་ཀྲེང་གིས་ཐུགས་ཁུར་ཟབ་མོས་བཀའ་འདྲི་ཞིབ་ཕྲ་གནང་། བོད་ལྗོངས་གསར་བརྗེ་དང་འཛུགས་སྐྲུན་སྒྱུར་བཅོས་དྲན་གསོ་ཁང་དུ་ཕེབས་སྐབས། ཝང་ཅུན་ཀྲེང་གིས་འགྲེམས་པང་ལ་གཟིགས་པ་དང་ངོ་སྤྲོད་གསན་པ་མ་ཟད། རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་དང་། འགྲེམས་སྟོན་སྒྲིག་གཤོམ། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། དུས་འགོའི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་འབྲེལ། རིམ་ཁག་འབྲེལ་ཡོད་སྡེ་ཚན་ཁག་དང་ཨར་ལས་སྡེ་ཚན་ཁག་གིས་དཀའ་སྤྱད་ངལ་རྩོལ་བྱས་པར་ཐུགས་རྗེ་ཆེ་ཡང་ཞུས་པ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོ་ཡག་པོ་གཉེར་རྒྱུ་ནི་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གི་འགན་འཁྲི་དང་ལས་འགན་གལ་ཆེན་ཞིག་རེད། དེས་ན་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་དགོས་ཤིང་། སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཚད་གཞི་མཐོ་པོ་དང་ལས་ཕྱོད་ཆེན་པོས་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབས་ཏེ། རྟེན་འབྲེལ་བྱེད་སྒོར་གྲུབ་འབྲས་ལྡན་པ་དང་། ཐུགས་གྲ་ལེགས་འགྲིག་དང་བདེ་འཇགས་ཡོང་བར་འགན་ལེན་བྱེད་དགོས། ཚན་རིག་དང་མཐུན་པའི་ངང་སྤྱི་འདོམས་སྐུལ་འདེད་གཏོང་དགོས་ཤིང་། གནད་དོན་གྱི་སྟོན་ཕྱོགས་དང་། དམིགས་ཚད་ཀྱི་སྟོན་ཕྱོགས། མཇུག་འབྲས་ཀྱི་སྟོན་ཕྱོགས་བཅས་མཐའ་འཁྱོངས་དང་། བརྒྱུད་རིམ་ཧྲིལ་པོ་དང་། རྒྱུ་རྐྱེན་ཡོངས། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ཚང་བཤེར་ཆད་གསབ་བྱེད་པ། ཞིབ་ཆར་ཤུགས་རྒྱག་པ་དང་ཞིབ་ཆ་ནས་སྤུས་ཚད་མངོན་པར་བྱེད་པ། ཇུས་གཞི་ཁག་ལ་གསེད་བཀྲོལ་དང་འཐུས་སྒོ་ཚང་དུ་གཏོང་བ། ལས་འགན་གསལ་ཐོ་ཅན་དང་གསལ་ཐོ་ཞིབ་ཕྲ་ཅན་དུ་འགྱུར་རྒྱུ་མཐའ་འཁྱོངས། རྣམ་གྲངས་རེ་རེ་བཞིན་ལ་སྐུལ་འདེད་དང་ལྷུ་ཚིགས་རེ་རེ་བཞིན་དོན་འཁྱོལ་ལ་དམ་འཛིན་བྱེད་པ། ལས་ཡུན་ལྡོག་སྒྲིག་དང་ལས་རིམ་གསལ་འགོད་བཅས་བྱེད་དགོས། བོད་ཀྱི་ཁྱད་ཆོས་འབུར་དུ་ཐོན་པར་བྱེད་དགོས་ཤིང་། དུས་རབས་ཀྱི་བརྗོད་དོན་གཙོ་བོ་དང་མང་ཚོགས་ཀྱི་འཚོ་བར་དམ་པོར་དམིགས་པ་དང་། ཡག་ཐོག་ཡག་བརྩེགས་དང་བཀྲག་མདངས་འཚེར་ས་མངོན་པར་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྐྱེ་སྟོབས་ཆེན་པོ་གང་ལེགས་མངོན་པ་དང་། གངས་ལྗོངས་ཀྱི་བུ་ཕྲུག་ཚོས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་ཐུན་མོང་ཐོག་མངོན་འགྱུར་བྱེད་པའི་སྙིང་སྟོབས་ཆེར་སྐྱེད་ཀྱི་ཉམས་འགྱུར་གང་ལེགས་མངོན་པར་བྱེད་དགོས། འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། འགོ་ཁྲིད་ཀྱི་འགན་འཁྲི་དང་། གཏོགས་ཁོངས་ཀྱི་འགན་འཁྲི། སྡེ་ཚན་གྱི་འགན་འཁྲི་བཅས་དམ་ནན་དུ་གཏོང་བ་དང་། ལེགས་སུ་དང་། འཐུས་སྒོ་ཚང་དུ། མཐོ་རུ་བཅས་གཏོང་བའི་ཐད་ཤུགས་རྒྱག་པ། འགན་འཁྲི་དང་ལས་འགན་ཁག་བགོས་ཞིབ་ཚགས་བྱེད་པ། རང་འགུལ་ངང་འགན་ཁུར་བ། མཉམ་ལས་དང་གཞོགས་འདེགས་དམ་ཟབ་བྱེད་པ། གཙོ་གནད་དང་འགག་རྩ་དམ་པོར་འཛིན་པ། གལ་ཆེ་ཆུང་དང་དལ་བྲེལ་གསལ་པོ་དབྱེ་བ་བཅས་བྱས་ནས་སེམས་ནུས་གཅིག་སྒྲིལ་གྱིས་ལས་དོན་ཁག་ལ་སྐུལ་འདེད་གཏོང་དགོས། དྲིལ་བསྒྲགས་དང་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། མང་ཚོགས་ཞུགས་པའི་ཐད་ཤུགས་རྒྱག་པ། རྣམ་པ་མང་བ་དང་། ནང་དོན་ཕུན་སུམ་ཚོགས་པ། བོད་ཀྱི་ཁྱད་ཆོས་ལྡན་པ་བཅས་ཀྱི་མང་ཚོགས་རང་བཞིན་གྱི་རྟེན་འབྲེལ་བྱེད་སྒོ་སྤེལ་བ་དང་བོད་ཀྱི་གཏམ་རྒྱུད་གསོན་ཉམས་དོད་པོས་ཡག་པོ་ཤོད་པ་དང་བོད་ཀྱི་སྐད་སྒྲ་ཁྱབ་སྤེལ་ཡག་པོ་བཏང་ཐོག ཕྱོགས་ཡོངས་དང་། ཟུར་ཚད་མང་བ། ཕྱོགས་བསྡུས་ཅན་བཅས་ཀྱི་སྒོ་ནས་བོད་ཀྱི་གཟུགས་བརྙན་བཟང་པོ་མངོན་པར་བྱས་ཏེ་གཟབ་རྒྱས་དང་སྤྲོ་སེམས་འཁོལ་བའི་རྣམ་པ་ཟབ་མོ་སྐྲུན་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྒྲིག་ཁྲིམས་ནན་དུ་དང་སྤྱོད་ཚུལ་ལེགས་སུ་བཏང་སྟེ། གཟེར་འདེབས་ཀྱི་སྙིང་སྟོབས་ཐོག་ནས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། ཆབ་སྲིད་ལ་སྣང་ཆེན་དང་། སྒྲིག་ཁྲིམས་སྲུང་བ། སྒྲིག་སྲོལ་ལ་མཐོང་ཆེན་བཅས་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྱོང་དེ་གནས་བབ་གལ་ཆེན་དུ་འཇོག་པ་དང་རྒྱུན་ལྡན་གྱི་ལས་དོན་ཁྲོད་མཉམ་འདྲེས་བྱས་ཐོག ལམ་ལུགས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་ལས་དོན་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས། མཐའ་ཚད་ཀྱི་བསམ་བློ་བརྟན་པོ་བཙུགས་ཏེ། “གཟབ་རྒྱས་དང་སྤྲོ་སེམས་འཁོལ་བ་དང་། དངོས་སྒྲུབ་སྟབས་བདེ། བདེ་འཇགས་འགན་ལེན”བཅས་ཀྱི་རྩ་དོན་གཞིར་བཟུང་རྩིས་རྒྱག་ཞིབ་ཚགས་དང་ཧུར་བསྲི་གྲོན་ཆུང་བྱས་ཏེ་དངོས་སྒྲུབ་དང་། ནུས་ཆེ། བདེ་འཇགས་བཅས་ཀྱི་ཐོག་ནས་རྟེན་འབྲེལ་བྱེད་སྒོ་ཡག་པོ་གཉེར་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་དེ་ལས་དོན་ཁག་གི་ཁྲོད་དུ་མཉམ་འདྲེས་བྱས་ནས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཁྱད་བསད་མཐའ་གཅིག་ཏུ་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས།