དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • བསོད་ནམས་ཉི་མས་ལྷུན་གྲུབ་རྫོང་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-07

    ཟླ་7ཚེས་2དང་3ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བསོད་ནམས་ཉི་མས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དུ་བརྟག་ཞིབ་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོའི་གུས་མཇལ་དང་ལེན་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་གནང་བ་མ་ཟད། ས་གནས་ས་ཐོག་ཏུ་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་སོགས་ཀྱི་ལས་དོན་བསྒྲུབས་ཚུལ་ལའང་བརྟག་ཞིབ་གནང་བ་རེད།

    བསོད་ནམས་ཉི་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་ལས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་བཞེས་གནང་བ་དང་རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣར་ཐུགས་རེ་ཟབ་མོ་བཅོལ་གནང་བ་གང་ལེགས་མཚོན་ཡོད་ཞེས་བསྟན།

    བསོད་ནམས་ཉི་མས་ལྗོངས་ཡོངས་ཀྱི་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་ཆོས་ལུགས་ལས་རིགས་མི་སྣས་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་མི་སྣས་རྒྱལ་གཅེས་ཆོས་གཅེས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པའི་སློབ་གསོ་ཁྲིད་སྟོན་བྱེད་དགོས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས་ཤིང་། “ཚད་གཞི་བཞི”དང“འདུ་ཤེས་གསུམ”སོགས་ཀྱི་སློབ་གསོའི་བྱེད་སྒོ་རྒྱུན་ལྡན་དང་ཡུན་རིང་སྤེལ་བ་དང་། བསྟན་དོན་དང་འདུལ་ཁྲིམས་ལ་འགྲེལ་བཤད་གཏིང་ཟབ་བརྒྱབ་སྟེ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་དགོས། ཆོས་ལུགས་ལས་དོན་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན་རྒྱག་པ་དང་། དགོན་སྡེ་དོ་དམ་ལམ་ལུགས་དོན་འཁྱོལ་ཏན་ཏིག་བྱེད་པ། “རྟག་ཏུ་བློ་བཟོད་མི་བདེ་བའི”འགན་འཁྲིའི་བསམ་པའི་ཐོག་ནས་དགོན་པའི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་། མེ་གསོད་བདེ་འཇཌ། རིག་དངོས་སྲུང་སྐྱོང་སོགས་ཀྱི་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱེད་དགོས། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་ཀའི་འགན་ནུས་ཆེ་རུ་གཏོང་བ་དང་། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པའི་འགན་སྒྲུབ་ནུས་པ་ཆེ་རུ་གཏོང་བ། སེམས་ནུས་ཡོད་རྒུས་དགོན་སྡེའི་གྲྭ་བཙུན་གྱི་དངོས་ཡོད་དཀའ་ངལ་ཐག་གཅོད་བཅས་བྱས་ཏེ། ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཡོང་བར་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།