དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་དང་མཇལ་འཛོམས་གནང་བ།

    ཡན་ཅིན་ཧའེ་དང་ལིའུ་ཅང་མཇལ་འཛོམས་ལ་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-04

    ཟླ་6ཚེས་30ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་དང་མཇལ་འཛོམས་གནང་བ།

    ཡན་ཅིན་ཧའེ་དང་ལིའུ་ཅང་མཇལ་འཛོམས་ལ་ཞུགས་པ་རེད།

    ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་བོད་དུ་འགན་སྒྲུབ་ཕྱག་ལས་དང་། བརྟག་ཞིབ་གནང་བ། ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ་བར་ཕེབས་པར་དགའ་བསུ་ཞུས་ཤིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་གནང་སྟེ། ང་ཚོར་བོད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས“དོན་ཆེན་བཞི”དོན་འཁྱོལ་ལ་དམ་འཛིན་ལྷོད་མེད་བྱས་པས། སྤྱི་ཚོགས་ཀྱི་སྤྱི་ཡོངས་ནས་རྒྱུན་མཐུད་བརྟན་ལྷིང་བྱུང་བ་དང་། དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་ཕྱིན་པ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་སྐུལ་འདེད་ཐེབས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་བ། མི་དམངས་ཀྱི་འཚོ་བ་ཉིན་བཞིན་བདེ་སྐྱིད་ཆེ་རུ་ཕྱིན་པ་བཅས་དར་རྒྱས་གོང་འཕེལ་གྱི་རྣམ་པ་ཞིག་མངོན་ཡོད་ཅེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཆོས་ལུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆོས་ལུགས་ལས་དོན་སྐོར་ལ་གནང་བའི་མཛུབ་སྟོན་གལ་ཆེན་ལག་བསྟར་གཏིང་ཟབ་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་བློ་བརྟན་འགྱུར་མེད་ངང་ལག་བསྟར། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བཅས་བྱས་ཏེ་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པར་ཤུགས་སྣོན་བརྒྱབ་པ་དང་། “འདུ་ཤེས་གསུམ”གྱི་སློབ་གསོ་རྒྱ་ཁྱབ་ཏུ་སྤེལ་བ། ཆོས་ལུགས་ལས་དོན་གྱི་སྒྲིག་སྲོལ་དང་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བས། ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་དོན་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་ཡོད་ལ། ཡུན་རིང་བརྟན་ལྷིང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོའང་འདིང་ཐུབ་ཡོད་ཅེས་བསྟན་གནང་བ་རེད།

    ཝང་ཅུན་ཀྲེང་གིས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་འཚར་ལོངས་དང་ཡར་རྒྱས་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། ཁོང་གིས་ཟླ་6ཚེས་6ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པཎ་ཆེན་ཁྱེད་ཀྱི་གུས་མཇལ་དང་ལེན་གནང་འདུག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བྱམས་བརྩེའི་སྐུལ་ལྕག་གནང་བ་ནི་པཎ་ཆེན་ཁྱེད་ཉིད་འཚར་ལོངས་དང་ཡར་རྒྱས་ཡོང་བར་དམིགས་བསལ་གྱི་ཐུགས་ཁུར་གནང་བ་ཞིག་རེད་ལ། བོད་ཀྱི་རྒྱ་ཆེའི་ཆོས་ལུགས་ལས་རིགས་མི་སྣར་ཐུགས་རེ་ཟབ་མོ་བཅོལ་གནང་བ་ཞིག་ཀྱང་རེད། སླད་ཕྱིན་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་ཉིད་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་ནན་པོ་བློ་ལ་བརྟན་པོར་ངེས་ནས་དཀའ་སྤྱད་སྙིང་རུས་ཀྱིས་སློབ་སྦྱོང་ལ་འབད་བརྩོན་དང་སྒོམ་སྒྲུབ་ཉམས་ལེན་ཧུར་ཐག་བྱས་ཏེ་འགན་འཁྲི་གཙང་སྒྲུབ་དང་ནུས་པ་འདོན་སྤེལ་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་དུ་བཏང་སྟེ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས་རྒྱ་ཆེའི་གྲྭ་བཙུན་ལ་བསམ་བློར་ཁྲིད་སྟོན་དང་ཆབ་སྲིད་ཁྲིད་སྟོན་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ། ཁོང་ཚོས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པར་ཁྲིད་སྟོན་བཅས་བྱས་ནས། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་མ་ཟད། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས། རྒྱལ་གཅེས་ཆོས་གཅེས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བཅས་བྱས་ནས་རྒྱ་ཆེའི་གྲྭ་བཙུན་གྱི“མོས་སེམས་ལྔ”ཟབ་ཏུ་གཏོང་དགོས་པ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་རྒྱུན་འཁྱོངས་ལྷོད་མེད་ངང་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་ཧུར་ཐག་བྱེད་པ། བོད་བརྒྱུད་ནང་བསྟན་གྱི་འདུལ་ཁྲིམས་དང་བསྟན་དོན་གོ་བདེ་ཤེས་སླ་དང་དུས་བསྟུན་མདུན་སྐྱོད་ཀྱི་ཐོག་ནས་འགྲེལ་བཤད་རྒྱག་པ། “རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོ་རྒྱ་སྐྱེད་དང་གཏིང་ཟབ་གཏོང་བ་བཅས་བྱས་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་དགོས་པ། རྒྱ་ཆེའི་གྲྭ་བཙུན་ལ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱེད་པ་དང་ཆབས་ཅིག བོད་བརྒྱུད་ནང་བསྟན་དེ་ཉིད་རྒྱལ་ཁབ་ཀྱི་མདུན་ལམ་དང་། མི་རིགས་ཀྱི་ལས་དབང་། མི་དམངས་ཀྱི་རེ་འདུན་བཅས་དང་ཟུང་འབྲེལ་བྱས་ཏེ། རྒྱ་ཆེའི་གྲྭ་བཙུན་ལ“དོན་ཆེན་བཞི”དང“འཛུགས་གཏོད་བཞི”ཡི་ནང་ཞུགས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་བྱས་རྗེས་མང་ཙམ་འཇོག་རྒྱུའི་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས་པ། སྔར་ལས་ལྷག་པའི་སྒོ་ནས་ཐོས་བསམ་སྒོམ་གསུམ་ལ་གཞོལ་བ་དང་གཤིས་སྤྱོད་བཟང་དུ་གཏོང་བ་དང་། བོད་བརྒྱུད་ནང་བསྟན་གྱི་སྒོ་གསུམ་ལེགས་སྡོམ་དང་བབ་ཆགས་གྲོན་ཆུང་གི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ། ཆོས་ལུགས་བཅོས་སྐྱོང་ནན་པོ་མཐའ་འཁྱོངས་བྱེད་པ། དགོན་པའི་ཆོས་སྲོལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཆོས་ལུགས་ཞི་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་འཆམ་མཐུན་བཅས་ཡོང་བར་སྐུལ་འདེད་གཏོང་དགོས་པ། འགན་འཁྲི་ནན་ཏན་བསྒྲུབས་ནས་དྲིལ་བསྒྲགས་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་སྟེ། གཞི་རིམ་གྱི་ལས་བྱེད་མང་ཚོགས་དང་དགོན་སྡེའི་གྲྭ་བཙུན་དང་འབྲེལ་གཏུག་རྒྱ་ཁྱབ་ཏུ་བྱས་ནས་ཏང་གི་མི་རིགས་ཆོས་ལུགས་སྐོར་གྱི་སྲིད་ཇུས་དྲིལ་བསྒྲགས་ཧུར་ཐག་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་རླབས་ཆེན་ལག་ལེན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དྲིལ་བསྒྲགས། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ་བྱ་གཞག་ཁག་ལ་ཐོབ་པའི་གྲུབ་འབྲས་མངོན་གསལ་དོད་པོ་དྲིལ་བསྒྲགས་བཅས་བྱས་ནས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་དགོས་ཞེས་གསུངས་པ་རེད།

    པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཆོས་ལུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་ཆོས་ལུགས་ལས་རིགས་ཀྱི་མི་སྣར་བྱམས་བརྩེའི་ཐུགས་ཁུར་གནང་དང་གནང་མུས་རེད། ཉིན་ཤས་གོང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ལ་པཎ་ཆེན་སྐུ་ཕྲེང་བཅུ་པ་མིག་དཔེར་བཟུང་ནས་ནང་བསྟན་གྱི་རྟོགས་པ་མཐོ་བ་དང་དད་ལྡན་སེར་སྐྱ་མང་ཚོགས་ཀྱི་དགའ་གུས་ཐོབ་པའི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ཞིག་ཧུར་ཐག་བྱས་ཏེ། མི་རིགས་མཐུན་སྒྲིལ་དང་། ཆོས་ལུགས་འཆམ་མཐུན། བོད་ལྗོངས་བརྟན་ལྷིང་འཕེལ་རྒྱས་ཡར་ཐོན་བཅས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་སྐུལ་ལྕག་གནང་བྱུང་། སླད་ཕྱིན་ངས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་རེ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་པཎ་ཆེན་རིན་པོ་ཆེ་རིམ་བྱུང་གི་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་རྒྱུ་དང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་ཞུ་གི་ཡིན། ཆབ་སྲིད་ཀྱི་བྱང་ཚད་སྔར་བས་མཐོ་རུ་གཏོང་བ་དང་། ཆོས་ལུགས་ཀྱི་བློ་སྦྱོང་ཟབ་ཏུ་གཏོང་བ། ཆོས་ལུགས་ཀྱི་ཡོན་ཚད་མཐོ་རུ་གཏོང་བ། དྲིལ་བསྒྲགས་སྒྲོག་འགྲེལ་དང་། ཆོས་འཆད་ཆོས་གསུང་། བསྟན་དོན་འཆད་འགྲེལ་སོགས་ཀྱི་བྱ་ཐབས་བརྒྱུད་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་སྤེལ་ཧུར་ཐག་གཏོང་རྒྱུ་དང་། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

    བསོད་ནམས་ཉི་མ་དང་། ཀུང་ཧུའེ་ཚའེ། རྒྱལ་མཚན། ལྕགས་ར་བློ་བཟང་བསྟན་འཛིན། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ས་ལུང་ཕུན་ལགས། པད་མ་དབང་འདུས་བཅས་མཇལ་འཛོམས་ནང་ལྷན་དུ་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།