ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་དུ་བརྟག་ཞིབ་གནང་བ།
ཚེས་1ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་དུ་བརྟག་ཞིབ་གནང་བ་རེད།
དིང་རིའི་ས་ཡོམ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལ་སྤྱི་ཚོགས་ཀྱི་ལས་རིགས་ཁག་གིས་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད། རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་གི་གེགས་རྗེས་བསྐྱར་སྐྲུན་ལས་དོན་ཆེད་དོན་ཚན་ཁག་ཏུ་ཀརྨ་ཚེ་བརྟན་གྱིས་སླར་གསོ་བསྐྱར་སྐྲུན་ལས་དོན་གྱི་འཕེལ་རིམ་སྙན་སེང་ནན་ཏན་གསན་ཞིང་། ཁོང་གིས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་གཅིག་གྱུར་ཏན་ཏིག་ཡོང་བར་བྱས་ནས་མི་དམངས་ལ་འགན་འཁུར་བ་དང་ལོ་རྒྱུས་ལ་འགན་ཁུར་ནས་སྤུས་ཚད་ཀྱི་བདེ་འཇགས་འགག་སྒོ་དམ་འཛིན་ནན་པོ་དང་། འཛུགས་སྐྲུན་གྱི་མྱུར་ཚད་འགག་སྒོ་དམ་འཛིན་ནན་པོ། གཞུང་དྲང་སྤྱོད་གཙང་གི་འགག་སྒོ་དམ་པོ་སྲུང་བ་བཅས་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་གྱིས་བསྐྱར་སྐྲུན་ལས་དོན་ཡག་པོ་སྒྲུབ་པ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། ཡོམ་འགོག་གེགས་སེལ་དང་སླར་གསོ་བསྐྱར་སྐྲུན་སོགས་ཀྱི་ལས་དོན་ལ་དམིགས་ཏེ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་གསེད་བཀྲོལ་དང་། ཉམས་མྱོང་དང་བྱེད་སྟངས་ཕྱོགས་སྡོམ། ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལས་བྱེད་པའི་དཔུང་ཁག་ལ་སྦྱོང་བརྡར་བཅས་བྱས་ཏེ་གནོད་འཚེ་སྔོན་འགོག་དང་། ཉུང་དུ་གཏོང་བ། གེགས་སྐྱོབ་ཀྱི་ནུས་པ་རྒྱུན་མཐུད་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཁྲུའུ་རུ་ཀརྨ་ཚེ་བརྟན་གྱིས་ལས་བྱེད་པ་དང་ལས་བཟོ་རྣམས་ལ་གཟིགས་པ་དང་འཚམས་འདྲི་གནང་ནས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གྱི་ལས་དོན་ལ་མཁྱེན་རྟོགས་གཏིང་ཟབ་གནང་བ་རེད།
ཁོང་གིས། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གྱི་ཕྱོགས་གཅིག་ནི་སྤུས་ཚད་ལེགས་པའི་འཚོ་བ་དང་འབྲེལ་ཡོད་པ་དང་། ཕྱོགས་གཞན་ཞིག་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འབྲེལ་ཡོད། “ལོ་ལྔ་ཚན་བཅུ་བཞི་པ”བདེ་བླག་ངང་མཇུག་བསྡུ་བ་དང“ལོ་ལྔ་ཚན་བཅོ་ལྔ་པའི”ཚན་རིག་དང་མཐུན་པའི་འཆར་འགོད་ཕན་ཚུན་སྦྲེལ་མཐུད་ཡོང་བར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་ཀྱི་དགོས་མཁོ་དང་། བོད་ཀྱི་ནུས་པ། མང་ཚོགས་ཀྱི་རེ་སྒུག་བཅས་ལ་དམིགས་ནས་རྣམ་གྲངས་འཆར་འགོད་གསོག་འཇོག་ལ་ཤུགས་སྣོན་རྒྱག་པ་དང་། ཞན་ཆ་སེལ་བ་དང་ཉམས་ཞན་སྟོབས་ཆེར་བཏང་ནས་འཕེལ་རྒྱས་ཀྱི་གཏིང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། སྡོད་ཁང་གི་དགོས་མཁོ་དངོས་ལ་གཞི་ཚུགས་ནས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ཐབས་ལམ་མང་བ་དང་། བྱེད་པོ་མང་བ། རིམ་པ་མང་བ་བཅས་ཀྱི་སྡོད་ཁང་འགན་སྲུང་མ་ལག་འཛུགས་སྐྱོང་བྱས་ཏེ། ཁང་པ་ཡག་པོར་སྡོད་འདོད་ཀྱི་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་རྒྱུན་ཆད་མེད་པར་སྐོང་བ་དང་། ཁྱིམ་ཚང་དེ་བས་མང་བ“སྡོད་སའི་ཁང་པ་ཡོད་པ”ནས“འཚོ་སྡོད་ལ་འཚམ་པའི་ཁང་པ་ཡོད་པའི”ཕྱོགས་སུ་སླེབས་ཐུབ་པར་བྱེད་དགོས་ཞེས་བརྗོད་པ་རེད།