ལྗོངས་ཡོངས་ཀྱི་གསར་དར་ཁྱབ་ཁོངས་ཀྱིས“བདུན་གཅིག” གཟེངས་བསྟོད་དང་རིག་རྩལ་འཁྲབ་སྟོན་བྱས་པ།
ལིའུ་ཅང་ཞུགས་པ།
ཉེ་ཆར་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་ལྗོངས་ཡོངས་ཀྱི་གསར་དར་ཁྱབ་ཁོངས་ཀྱིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་བསུ་ཞུ་བའི“བདུན་གཅིག”གཟེངས་བསྟོད་དང་རིག་རྩལ་འཁྲབ་སྟོན་བྱས་པ་དང་། བྱེད་སྒོ་དེས་ཏང་འཛུགས་སྐྱོང་གིས་ཏང་ལ“བློ་ཁ”ཕྱོགས་པར་སྣེ་ཁྲིད་བྱེད་པ་དང་སེམས་ནུས་གཅིག་སྒྲིལ་གྱིས་ལེའུ་གསར་རྩོམ་པ་བརྗོད་དོན་གཙོ་བོར་བྱས་ཏེ། ལྗོངས་ཡོངས་ཀྱི་གསར་དར་ཁྱབ་ཁོངས་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས“དོན་ཆེན་བཞི”དང་མཉམ་འདྲེས་དང“འཛུགས་གཏོད་བཞིར”ཞབས་འདེགས་ཞུ་བའི་རྣམ་པ་བཟང་པོ་མངོན་པ་དང་། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བའི་གདེང་ཚོད་དང་ཆོད་སེམས་ཟབ་མོ་མཚོན་ནས། གསར་དར་ཁྱབ་ཁོངས་སུ་ཏང་གི་འབོད་སྐུལ་དང་གོང་བུ་འགྲིལ་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཚོགས་འདུར་ཞུགས་པ་རེད།
བྱེད་སྒོ་དེ་ཞབས་བྲོ《མཛེས་སྡུག་རྣམ་པར་བཀྲ་བའི་ཀྲུང་ཧྭ། བདེ་སྐྱིད་ལྡན་པའི་བོད་ལྗོངས》ཞེས་པ་ནས་འགོ་བརྩམས་ཏེ་བོད་ཀྱི་མི་རིགས་མཐུན་སྒྲིལ་དང་དར་རྒྱས་གོང་འཕེལ་གྱི་རྣམ་པ་མཚོན་པ་དང་། ལྷ་མོའི་འཁྲབ་སྟོན《གངས་ལྗོངས་བློ་གཅིག་རྒྱ་བཟའ་ཀོང་ཇོར་བསྟོད》ཅེས་པ་དེའི་ནང་མི་རིགས་མཐུན་སྒྲིལ་མཉམ་འདྲེས་ཀྱི་ལོ་ངོ་སྟོང་གི་གཏམ་རྒྱུད་བརྗོད་པ། མི་རིགས་ཀྱི་སྲོལ་རྒྱུན་སྒྲ་སྙན་ཞབས་བྲོ《དུས་རབས་གསར་པར་གོམ་པ་སྤོས》ཞེས་པ་དེས་དཔའ་མཛངས་རྟུལ་ཕོད་ཀྱིས་དུས་རབས་གསར་པར་མདུན་སྐྱོད་བྱེད་པའི་རོལ་མོ་དཀྲོལ་བ། རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་གི་འཐུས་མི་སྤེན་པ་སྒྲོལ་དཀར་གྱིས་བབ་ཆགས་དང་ལྷག་བསམ་ཟོལ་མེད་ཀྱི་སྐད་ཆའི་ཐོག་ནས་རང་ཉིད་ཀྱིས་ལས་གནས་སུ་གཞི་ཚུགས་པ་དང་འབད་བརྩོན་སྐྱེས་འབུལ་གྱི་གཏམ་རྒྱུད་མཉམ་སྤྱོད་བྱས་པ་རེད། བྱེད་སྒོའི་མཇུག་ཏུ་ལྟད་མོ་བ་ཡོངས་ཀྱིས《མེས་རྒྱལ་ལ་བསྟོད་གླུ་འབུལ》ཞེས་པའི་གླུ་དབྱངས་སྐད་གསངས་མཐོན་པོས་བླངས་ནས་ཏང་ལ་ལྷག་བསམ་རྣམ་དག་གི་དགའ་ཞེན་དང་། མེས་རྒྱལ་ལ་སྨོན་འདུན་བཟང་པོ་ཞུ་ལུགས་མཚོན་པར་བྱས་པ་རེད། བྱེད་སྒོ་སྤེལ་ཡུལ་དུ་ལྗོངས་ཡོངས་ཀྱི་གསར་དར་ཁྱབ་ཁོངས་ནས་ཐོན་པའི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་། ཕུལ་བྱུང་ཏང་དོན་ལས་དོན་པ། ཕུལ་བྱུང་ཏང་འཛུགས་སྐྱོང་ལས་དོན་གྱི་མཛུབ་ཁྲིད་པ། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས། “སྟོབས་གཉིས་བཟང་དྲུག”གི་གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་སྟོན་ས་ཚིགས་བཅས་དང་དེ་བཞིན་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་ཡག་ཤོས་དང་། དྲ་འབོད་གླ་འཁོར་གྱི་ཁ་ལོ་བ་ཡག་ཤོས། མྱུར་སྐྱེལ་པ་ཡག་ཤོས། དྲ་འབོད་སྐྱེལ་མཁན་ཡག་ཤོས། དྲ་ཐོག་གྲགས་ཅན་ཡག་ཤོས་སོགས་ལ་གཟེངས་བསྟོད་བྱས་པ་རེད། ལྗོངས་ཡོངས་ཀྱི་གསར་དར་ཁྱབ་ཁོངས་ཀྱི་ལས་རིགས་ཁག་དང་རིགས་ཁོངས་ཁག་གིས། མིག་དཔེ་ཚད་གཞིར་བཟུང་ནས་ཏང་འཛུགས་སྐྱོང་གི་ཁྲིད་སྟོན་ཟབ་ཏུ་གཏོང་བ་དང་། གསར་གཏོད་ཀྱི་གསོན་ཤུགས་ལ་སྐུལ་སྤེལ། དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན། འབད་འབུངས་ཡར་བརྩོན་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་འདུས་ནས་གངས་ལྗོངས་ས་མཐོར་ཏང་དར་ལྷབ་ལྷུབ་ཏུ་གཡོ་ཐུབ་པ་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།