དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝང་ཅུན་ཀྲེང་གིས་ཉིང་ཁྲི་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-02

    ཟླ་6ཚེས་27ཉིན་ནས་29ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དང་དཔལ་འབྱོར་གསར་སྤེལ་ཁུལ་དུ་བརྟག་ཞིབ་གནང་ནས“བདུན་གཅིག”གི་འཚམས་འདྲིའི་བྱེད་སྒོ་སྤེལ་ཞིང་། འདི་ནི་ཝང་ཅུན་ཀྲེང་དུད་ཚང་དུ་ཕེབས་ནས་གཞི་རིམ་གྱི་ཏང་ཡོན་རྒན་གྲས་དང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མི་སྒེར་སྐལ་བཟང་དབང་ཕྱུག་ལ་འཚམས་འདྲི་གནང་བ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་གྱིས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་དམ་འཛིན་ཏན་ཏིག་བྱས་ཏེ་ཏང་ཀྲི་པུའི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེཌ་འདོན་དགོས།

    ཟླ་6ཚེས་27ཉིན་ནས་29ཉིན་བར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དང་དཔལ་འབྱོར་གསར་སྤེལ་ཁུལ་དུ་བརྟག་ཞིབ་གནང་སྟེ།“བདུན་གཅིག”གི་འཚམས་འདྲིའི་བྱེད་སྒོ་སྤེལ་ཤིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ཏེ་གཞི་རིམ་ལ་དམ་འཛིན་ཆེན་པོ་བྱེད་པའི་ཁ་གསལ་ཕྱོགས་སྟོན་སྔར་བས་བརྟན་པོར་འཛུགས་པ་དང་། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་དམ་འཛིན་ཏན་ཏིག་ཏང་ཀྲི་པུའི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་བཏོན་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་འགན་སྲུང་བརྟན་པོ་ཡོང་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    2024ལོར་བྲག་ཡིབ་ཆུས་བྲག་ཕྱི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་1000ལས་བརྒལ་བ་དང་ལོ་རེའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་6ལྷག་ཙམ་ཟིན་ནས་བོད་ཀྱི་བདེ་སྐྱིད་འབྱོར་འབྲིང་གྲོང་ཚོའི་དཔེ་མཚོན་དུ་གྱུར་ཡོད། ཝང་ཅུན་ཀྲེང་གྲོང་ཚོ་དེར་ཕེབས་ནས་གྲོང་ཚོའི་ལོ་རྒྱུས་ཀྱི་འཕོ་འགྱུར་མཁྱེན་རྟོགས་ཞིབ་ཕྲ་་གནང་བ་མ་ཟད། གཞི་རིམ་ཏང་འཛུགས་སྐྱོང་གིས་གྲོང་གསེབ་དར་རྒྱས་ལ་སྣེ་ཁྲིད་བྱེད་པ་སོགས་ཀྱི་གནས་ཚུལ་སྐོར་གྱི་ངོ་སྤྲོད་གསན་པ་དང་འབྲེལ་གྲོང་གསེབ་ཀྱི་ཡུལ་སྐོར་རྣམ་གྲངས་ལ་གཟིགས་ཞིབ་ཀྱང་གནང་བ་རེད། ཝང་ཅུན་ཀྲེང་གིས་གཞི་རིམ་ཏང་ཀྲི་པུའི་དམག་འཐབ་མཁར་རྫོང་གི་ནུས་པ་གང་ལེགས་བཏོན་ནས། ཏང་གི་འདོད་ཚུལ་དྲིལ་བསྒྲགས་དང་། ཏང་གི་གཏན་འབེབས་ལག་བསྟར། གཞི་རིམ་བཅོས་སྐྱོང་ལ་འགོ་ཁྲིད། མང་ཚོགས་ལ་མཐུན་སྒྲིལ་སྐུལ་སློང་། སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་པ་དང་། གྲོང་གསེབ་ཀྱི་དམངས་ཕྱུག་ཐོན་ལས་སྟོབས་ཆེར་གཏོང་བ། མང་ཚོགས་ཀྱི་ཡོང་འབབ་རྒྱུན་མཐུད་འཕར་བར་སྣེ་ཁྲིད། གྲོང་གསེབ་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྒུལ་ཤུགས་སྣོན་པ་བཅས་བྱས་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད། “བདུན་གཅིག”འཆར་ཉེའི་མཚམས་སུ། ཝང་ཅུན་ཀྲེང་གཞི་རིམ་གྱི་ཏང་ཡོན་རྒན་གྲས་དང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མི་སྒེར་སྐལ་བཟང་དབང་ཕྱུག་གི་ཁྱིམ་དུ་ཕེབས་ཏེ་འཚམས་འདྲི་གནང་བ་རེད། དཀར་ཆ་དོད་ལ་གུ་ཡངས་པའི་གསུམ་ཐོག་ཅན་གྱི་ཁང་པའི་ནང་བོད་ལུགས་ཀྱི་ཁྱིམ་ཆས་སྤུས་ལེགས་བསྒྲིགས་ཡོད་ཅིང་། སྐལ་བཟང་དབང་ཕྱུག་གི་ཁྱིམ་དུ་ཝང་ཅུན་ཀྲེང་དང་ནང་མི་རྣམས་ཚོམས་ཆེན་དུ་འཁོད་ནས་ཁྱིམ་ཚང་གི་གནས་ཚུལ་སྐོར་གླེང་བཞིན“ཁྱེད་ནི་ཕུལ་བྱུང་ཏང་ཡོན་དང་ཕུལ་བྱུང་ལས་བྱེད་པ་ཞིག་རེད། དུས་ཡུན་རིང་པོའི་ནང་མང་ཚོགས་སྣེ་ཁྲིད་ནས་ལས་བརྩོན་ཕྱུག་འགྱུར་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད”ཅེས་གསུངས། ཝང་ཅུན་ཀྲེང་གིས་སྐལ་བཟང་དབང་ཕྱུག་བརྒྱུད་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ཚོར་དུས་ཆེན་གྱི་འཚམས་འདྲི་དང་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་ཞུས་གནང་བ་མ་ཟད། ཏང་ཡོན་རྒན་གྲས་ཚོས་གདོང་ལེན་དཔེ་བཟང་གི་ནུས་པ་བཏོན་ནས་ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་བཏང་སྟེ་ན་གཞོན་ཏང་ཡོན་ཚོས་མུ་མཐུད་འབད་འཐབ་བྱེད་པར་སྣེ་ཁྲིད་བྱས་ཏེ་དེ་བས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་ནས་མི་སེར་གྱི་འཚོ་བ་དེ་བས་བདེ་སྐྱིད་ཡོང་བའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་ནི་གྲོང་གསེབ་དར་རྒྱས་མངོན་འགྱུར་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན། ཝང་ཅུན་ཀྲེང་དཔལ་འབྱོར་གསར་སྤེལ་ཁུལ་ཧྲང་ཁྲེང་བདེ་ཐང་ཐོན་ལས་མ་རྐང་ཚད་ཡོད་ཀུང་སི་དང་བྲག་ཡིབ་ཆུས་ནུང་ཧྥུའུ་ཧྲན་ཆོན་ཉིང་ཁྲིའི་བཟོ་གྲྭར་ཕེབས་ནས་ཐོན་སྐྱེད་སྒྲུབ་རིམ་ཁག་ལ་གཟིགས་པ་དང་མངགས་ཐོའི་གནས་ཚུལ་བཀའ་འདྲི་གནང་བ་མ་ཟད། ཐོན་སྐྱེད་གཉེར་སྐྱོང་དང་ཁྲོམ་རའི་བྲིན་ཚོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་། ཁྱད་ལྡན་ཐོན་རྫས་ལས་སྣོན་ཞིབ་ཚགས་དང་ཕྱོགས་བསྡུས་བེད་སྤྱོད་ལས་སྣོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། ཐོན་ལས་འཁོར་འབྲེལ་སྣུར་སྲིང་བྱེད་པ། ཟུར་སྣོན་རིན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཐོན་རྫས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་དང་ཐོན་རྫས་ཀྱི་ཁྲོམ་རའི་བར་མཐོངས་གསར་འབྱེད་བྱེད་དགོས། ཚོང་འགུགས་མ་འདྲེན་ལ་དམ་པོར་བརྟེན་ནས་ས་གནས་ལ་ལས་ཞུགས་ལས་གནས་དེ་བས་མང་བ་བཏོད་དེ་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་གཏོང་དགོས། སྐྱེ་ཁམས་དང་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་བསྲུངས་ནས་ནུས་ཤུགས་ཡོད་རྒུས་བདེ་འཇགས་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ཀྱི་ཁོར་ཡུག་ཧུར་ཐག་སྐྲུན་དགོས་ཞེས་གསུངས་པ་རེད།

    བརྟག་ཞིབ་གནང་རིང་། ཝང་ཅུན་ཀྲེང་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ། རྫོང་ཁོངས་སྟོབས་ཆེར་གཏོང་བ་དང་། གྲོང་རྡལ་ཆུང་གྲས་སྐྱེད་སྲིང་བྱེད་པ། གླིང་ཁུལ་མཐོར་འདེགས། གྲོང་གསེབ་དར་རྒྱས་བཅས་ཀྱི་བསམ་ཕྱོགས་ལ་གཞིགས་པ་དང་། ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་དམངས་ཕྱུག་རྫོང་དར་གྱི་ཐབས་ལམ་འཚོལ་ཞིབ་བྱེད་པ། འཁོར་འབྲེལ་སྣུར་སྲིང་། འཁོར་འབྲེལ་གསབ་པ། འཁོར་འབྲེལ་སྟོབས་ཆེར་གཏོང་བ་བཅས་ལ་དམིགས་པ། ས་མཐོའི་ཁྱད་ལྡན་སྣེ་འདྲེན་ཁེ་ལས་ཁག་གཅིག་བཏོད་པ། གྲོང་གསེབ་ཀྱི་ཡུལ་སྐོར་དང་སོས་དལ་ཞིང་ལས་སོགས་ཐོན་ལས་གསར་པ་དང་ལས་རྣམ་གསར་པ་སྐྱེད་སྲིང་ཧུར་ཐག ཁྱད་ལྡན་ཐོན་ལས་ཀྱི་ཚོགས་གྲུབ་པ་བཅས་བྱས་ནས་རྫོང་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་མགྱོགས་སུ་གཏོང་དགོས། ཞིང་ལས་དང་། རིག་གནས། ཡུལ་སྐོར་བཅས་མཉམ་འདྲེས་འཕེལ་རྒྱས་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་གལ་ཆེའི་དམ་འཛིན་བྱ་གཞིར་བརྩི་བ་དང་། དོན་དངོས་དང་ཟུང་འབྲེལ་བྱས་ནས་གསར་གཏོད་འཚོལ་ཞིབ་ཧུར་ཐག་བྱེད་པ། ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་ཞིང་ལས་དང་། རིག་གནས། ཡུལ་སྐོར་བཅས་ཀྱི་ཐོན་ཁུངས་གསར་སྤེལ་བྱེད་པ། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་དང་རིག་གནས་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དང་མི་ཆོས་རིག་གནས་ཀྱི་མཛེས་ལྗོངས་དང་སྐྱེ་ཁམས་གླིང་ཁུལ་ཟུང་འབྲེལ་དམ་ཟབ་ལ་སྐུལ་འདེད་གཏོང་བ། ཞིང་ལས་དང་། རིག་གནས། ཡུལ་སྐོར་བཅས་མཉམ་འདྲེས་ཀྱི་ལས་དོན་ཡག་པོ་སྒྲུབ་པ། རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་སྣེ་ཁྲིད་ནུས་པ་ཆེ་རུ་གཏོང་བ། གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བ་བཅས་བྱས་ནས་ཞིང་འབྲོག་པ་ཐུན་མོང་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱེད་པ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ། འཐབ་ཕྱོགས་དང་པོ་དང་མང་ཚོགས་ཁྲོད་སྐྱོད་པ། མང་ཚོགས་ཀྱི་དགོས་མཁོ་དང་རེ་ཞུ་གཅིག་སྡུད་ཆེ་བའི་གནད་དོན་ལ་དམིགས་པ། ལུས་སྒུལ་ནས་བྱ་བ་དངོས་སྒྲུབ་པ་དང་། ཐབས་ཤེས་དངོས་བཏོན་ནས་ཕན་འབྲས་ཐོན་པར་བྱེད་པ། དམངས་འཚོར་ཕན་འདོགས་པའི་བྱ་བ་དངོས་སྒྲུབ་པ་དང་དམངས་སེམས་ལ་དྲོ་སྐྱིད་སྦྱིན་པའི་བྱ་བ་ཞིབ་ཚགས་སྒྲུབ་པ། དམངས་ཀྱི་འདོད་བློ་དང་མཐུན་པའི་བྱ་བ་ཡག་པོ་སྒྲུབ་པ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། རྒྱུན་སྲིང་ལྷོད་མེད་ངང་གཞི་རིམ་དམ་འཛིན་དང་རྨང་གཞི་བརྟན་གཏོང་མཐའ་འཁྱོངས་བྱེད་པ་དང་། ཏང་འཛུགས་སྐྱོང་ལས་དོན་གྱི་གཙོ་གནད་གཤམ་སྒྱུར་དང་། ཏང་ཡོན་གྱི་སྟོབས་ཤུགས་གཤམ་སྐྱོད། ཞབས་ཞུ་གཞི་རིམ་དུ་སྣུར་སྲིང་བཅས་ལ་སྐུལ་འདེད་གཏོང་བ། སེམས་ནུས་གཅིག་སྒྲིལ་གྱིས་གཞི་རིམ་གྱི་དཀའ་ངལ་དང་མང་ཚོགས་ཀྱི་སེམས་ཁྲལ་སེལ་བ། ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་ཟབ་ཏུ་གཏོང་བ། ཏང་གིས་གཞི་རིམ་དུ་ཆབ་སྲིད་འགོ་ཁྲིད་བྱེད་ཤུགས་དང་། བསམ་བློའི་སྣེ་ཁྲིད་བྱེད་ཤུགས། མང་ཚོགས་སྒྲིག་འཛུགས་བྱེད་ཤུགས། སྤྱི་ཚོགས་འབོད་སྐུལ་བྱེད་ཤུགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་གཞི་རིམ་ཏང་རྩ་འཛུགས་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། མང་ཚོགས་ཕྱུག་འགྱུར་ལ་སྣེ་ཁྲིད། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། མཐའ་མཚམས་ཀྱི་མངའ་ཁོངས་ས་ཆ་སྲུང་སྐྱོང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་བཅས་ཀྱི་སྟོབས་དང་ལྡན་པའི་དམག་འཐབ་མཁར་རྫོང་དུ་འགྱུར་བར་བྱེད་དགོས། མིག་སྔར། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བཞིན་ཡོད་པས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་རྒྱུན་སྲིང་ལྷོད་མེད་ངང་དོན་འཁྱོལ་བྱས་ནས་ཕན་འབྲས་དངོས་ལ་གཙིགས་ཆེན་དང་། དངོས་སྒྲུབ་ལ་ཤུགས་སྣོན། དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་གསར་པར་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀུང་ཧུའེ་ཚའེ་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།