ཝང་ཅུན་ཀྲེང་གིས་ཝང་ཡུང་ཧུང་བཅས་པ་དང་བཞུགས་མོལ་གནང་བ།
ལིའུ་ཅང་ཞུགས་པ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ་གཞོན་པ་དང་རྒྱལ་ཁབ་ལས་ཁུངས་ལས་དོན་དོ་དམ་ཅུས་ཀྱི་ཅུས་ཀྲང་ཝང་ཡུང་ཧུང་བཅས་པ་དང་བཞུགས་མོལ་གནང་ཞིང་། འདི་ནི་བཞུགས་མོལ་གནང་ཡུལ་ཡིན་པ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ་གཞོན་པ་དང་རྒྱལ་ཁབ་ལས་ཁུངས་ལས་དོན་དོ་དམ་ཅུས་ཀྱི་ཅུས་ཀྲང་ཝང་ཡུང་ཧུང་བཅས་པ་དང་བཞུགས་མོལ་གནང་བ་རེད།
ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་རྒྱལ་ཁབ་ལས་ཁུངས་ལས་དོན་དོ་དམ་ཅུས་ཀྱིས་དུས་ཡུན་རིང་པོར་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཝང་ཡུང་ཧུང་དང་བཅས་པ་བོད་དུ་ལས་དོན་ལ་རྟོག་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་པར་དགའ་བསུ་ཡང་ཞུས་གནང་བ་རེད། ཁོང་གིས་གསུངས་དོན། མིག་སྔར་བོད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བཞིན་ཡོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གཏན་འཁེལ་ཁ་གསལ་གནང་བའི“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞིར་སྐུལ་འདེད་བརྟན་པོ་གཏོང་བཞིན་ཡོད་པས།
རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ་ཀྱི་སྤྱོད་ཚུལ་རིམ་བཞིན་ཆགས་པ་དང་། ཐེག་པ་ཁུར་ལེན་དང་ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་སྔར་བས་ཆེ་རུ་སོང་ཁར། ལྗོངས་ཡོངས་ཀྱི་གོང་འོག་ཚང་མར་སེམས་མཐུན་དང་། བློ་བདེ། ངར་ཤུགས་འཕེལ་བ། ལས་སྒྲུབ་བཅས་ཀྱི་ལས་ཀའི་རྣམ་པ་བཟང་པོ་ཆགས་ཏེ། བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པར་སྐུལ་མ་ཐེབས་ཡོད། རྒྱལ་ཁབ་ལས་ཁུངས་ལས་དོན་དོ་དམ་ཅུས་ཀྱིས་སྔ་ཕྱི་བར་གསུམ་དུ་བོད་ཀྱི་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་། རང་སྐྱོང་ལྗོངས་ལས་ཁུངས་ལས་དོན་དོ་དམ་སྡེ་ཚན་ལ་མཛུབ་ཁྲིད་དང་རོགས་རམ་དེ་བས་མང་བ་བྱས་ནས། ཁ་གཏད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལམ་ལུགས་ཚད་ལྡན་དང་ཚད་ལྡན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། གྲངས་འཛིན་གྱིས་མཐུན་རྐྱེན་སྦྱོར་ཤུགས་ཆེ་རུ་གཏོང་བ། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་ཁག་འཛུགས་པ། ལས་ཁུངས་ཀྱི་ལས་དོན་ཁྲིམས་སྐྱོང་ཅན་དང་། ཚད་གཞི་ཅན། ཚད་ལྡན་ཅན། ཆ་འཕྲིན་ཅན་བཅས་ཀྱི་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས། ཞབས་ཞུའི་འགན་སྲུང་ཆུ་ཚད་དང་དོ་དམ་གྱི་ཕན་ནུས་མཐོ་རུ་རྒྱུན་ཆད་མེད་པར་གཏོང་རྒྱུའི་རེ་བ་ཡོད།
ཝང་ཡུང་ཧུང་གིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་རྟེན་འབྲེལ་ཞུས་ཤིང་། ཁོང་གིས་བོད་ལྗོངས་ལས་ཁུངས་ལས་དོན་དོ་དམ་སྡེ་ཚན་གྱིས་ཚུགས་གནས་མཐོ་པོས་རང་ངོས་ཀྱི་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚད་གཞི་མཐོ་པོས་གཅིག་སྡུད་གཅིག་གྱུར་གྱི་དོ་དམ་ཟབ་ཏུ་གཏོང་བ། སྤུས་ཚད་མཐོ་པོས་ཞབས་ཞུའི་འགན་སྲུང་ཐོན་ཁུངས་ལ་སྤྱི་འདོམས་བྱེད་པ། ལས་ཕྱོད་ཆེན་པོས་སྒྱུར་བཅོས་ཀྱི་ལས་འགན་ཁག་དོན་འཁྱོལ་བཅས་བྱས་ཏེ། ཕྱོགས་ཡོངས་ལ་ཞབས་འདེགས་ཞུ་བའི་འཇུག་སྒོ་དང་ཤུགས་རྒྱག་ས་གནད་འཁེལ་འཚོལ་བ་དང་། འགན་ནུས་མུ་མཐུད་འདོན་སྤེལ་ཡག་པོ་བྱེད་པ། དོ་དམ་ཞབས་ཞུའི་འགན་སྲུང་ཆུ་ཚད་མཐོ་རུ་རྒྱུན་ཆད་མེད་པར་གཏོང་བ་བཅས་བྱས་ནས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུའི་རེ་བ་ཡོད། རྒྱལ་ཁབ་ལས་ཁུངས་ལས་དོན་དོ་དམ་ཅུས་ཀྱིས་ཀྱང་བོད་ལྗོངས་ལས་ཁུངས་ལས་དོན་དོ་དམ་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་མཐུན་སྦྱོར་རོགས་རམ་དེ་བས་མང་བ་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལིའུ་ཅང་དང་ཀུང་ཧུའེ་ཚའེ་ཞུགས་པ་རེད།