ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་དྲུག་པའི་སྒྲིག་འཛུགས་ཨུ་ལྷན་གྱི་ཚང་འཛོམས་ཚོགས་འདུ་ལྷ་སར་འཚོགས་པ།
ཀརྨ་ཚེ་བརྟན་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།
ཉེ་ཆར། ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་དྲུག་པའི་སྒྲིག་འཛུགས་ཨུ་ལྷན་གྱི་ཚང་འཛོམས་ཚོགས་འདུ་ལྷ་སར་འཚོགས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཀརྨ་ཚེ་བརྟན་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལུས་རྩལ་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་གཞིར་བཟུང་དུས་ཚོད་ཀྱིས་མི་མི་སྒུག་པའི་དགོས་གཏུགས་ཀྱི་བསམ་པ་དང་འབད་འབུངས་ཡར་བརྩོན་གྱི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས། སྔར་ལས་ལྷག་པའི་སྒོ་ནས་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ་དང་མཉམ་ཤུགས་གཅིག་སྒྲིལ་གྱིས་འགག་སྒྲོལ་བྱེད་པ་དང་། ཚད་གཞི་མཐོ་པོ་དང་། སྤུས་ཚད་མཐོ་པོ། ནུས་ཕྱོད་ཆེན་པོ་བཅས་ཀྱི་སྒོ་ནས་གྲ་སྒྲིག་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ། ཁྱད་ཆོས་མངོན་གསལ་དོད་པ་དང་ཤུགས་རྐྱེན་རྒྱ་ཁྱབ་ཐེབས་པའི་ས་མཐོའི་ལུས་རྩལ་འདུ་ཚོགས་གཟབ་རྒྱས་ཤིག་ཧུར་ཐག་གཉེར་དགོས་པའི་ནན་བཤད་གནང་བ་རེད།
ཤའོ་ཡིའུ་ཚའེ་དང་ཟླ་བ་ཚེ་རིང་ཚོགས་འདུར་ཞུགས་པ་དང་། ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཀརྨ་ཚེ་བརྟན་གྱིས་གསུངས་དོན། ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་དེ་ཉིད་འཛམ་གླིང་ལ་དུས་རབས་གསར་པའི་བོད་ལྗོངས་གསར་པའི་རྣམ་པ་གསར་རྐྱང་དང་རང་ལྗོངས་ཀྱི་ཁྱད་ལྡན་རིག་གནས་དང་མི་ཆོས་རིག་གནས་དང་ཡུལ་སྲོལ་གོམས་གཤིས་མངོན་པའི་མིང་བྱང་གསར་རྐྱང་ཞིག་ཏུ་གྱུར་པ་དང་། དེ་ནི་རང་ལྗོངས་ཀྱིས་སྒོ་དབྱེ་རྒྱ་ཆེར་གཏོང་བ་དང་། མཛའ་གྲོགས་ཟབ་ཏུ་གཏོང་བ། སྤེལ་རེས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྐར་ཁུང་གལ་ཆེན་ཞིག་རེད།
ཀརྨ་ཚེ་བརྟན་གྱིས་ནན་བཤད་གནང་དོན། ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་ཡག་པོ་གཉེར་བ་ནི་ལྗོངས་ཡོངས་ཀྱི་དོན་ཆེན་ཞིག་ཡིན་པས“བསམ་ཇུས་གཅིག”གི་བསམ་བློ་བརྟན་དུ་གཏོང་བ་དང་། མཉམ་འགུལ་གྱི་ལེགས་ཆ་ཡག་པོ་བཏོན་ཏེ། བརྒྱུད་རིམ་ཧྲིལ་པོ་སྟངས་འཛིན་དང་། འཁོར་འབྲེལ་ཧྲིལ་པོ་དོ་དམ། གཙོ་རྒྱུ་ཧྲིལ་པོ་འགན་སྲུང་། ཕྱོགས་ཡོངས་ལ་ཞབས་ཞུ་བཅས་གྲ་སྒྲིག་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ལ་ཁྱབ་པར་བྱེད་དགོས། སྒྲིག་འཛུགས་མཉམ་སྒྲུབ་ནུས་ཆེ་ནུས་ལྡན་དང་གོམ་སྟབས་གཅིག་གྱུར་བྱས་ནས། ལས་འགན་ཁག་གོ་རིམ་ལྡན་པའི་ངང་སྐུལ་འདེད་དང་། གཅིག་ལ་གཅིག་འབྲེལ། ཕྱོགས་ཡོངས་གནད་འཁེལ་བཅས་ཡོང་བའི་འགན་ལེན་བྱེད་དགོས། འགྲན་བསྡུར་བཀོད་སྒྲིག་ཐད་ཆེད་ལས་དང་ཚན་རིག་དང་མཐུན་པ་དང་། ཆུ་ཚད་མངོན་པར་བྱས་ནས་འགྲན་བསྡུར་གྱི་འགྲན་སློང་རང་བཞིན་འགན་ལེན་བྱེད་དགོས་ལ། “རྐང་འཁོར་འགྲུལ་བཞུད་ཀྱི་ཡུལ་ལྗོངས”ཀྱི་དམིགས་བསལ་ཡིད་དབང་འཕྲོག་ཤུགས་མངོན་པར་བྱེད་དགོས། གྲོང་ཁྱེར་གྱི་རྣམ་པ་གཙང་ཞིང་ལྟ་ན་སྡུག་པ་དང་ཤེས་དཔལ་སྒོ་དབྱེ་ལྡན་པར་བྱས་ཏེ། ཡ་རབས་ངང་འགྲན་བསྡུར་ལ་ལྟ་བ་དང་མཛའ་མཐུན་ངང་སྐུ་མགྲོན་བསུ་བའི་བྱ་སྤྱོད་དངོས་ཀྱི་ཐོག་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བསམ་པའི་ཉམས་འགྱུར་དང་དཔའ་ངར་ཆེར་སྐྱེད་ཀྱི་རྣམ་འགྱུར་མངོན་པར་བྱེད་དགོས། དྲིལ་བསྒྲགས་ལས་དོན་ཐད་ཐོན་ཁུངས་གཅིག་སྒྲིལ་དང་རྩེར་སོན་བརྩོན་ལེན་བྱས་ནས། འགྲན་བསྡུར་གྱི་ཁྱད་ཆོས་དང་། གྲོང་ཁྱེར་གྱི་བཀྲག་མདངས་འཚེར་ས། ལམ་རྒྱུད་ཀྱི་ཡུལ་ལྗོངས། ཐོན་ལས་ཀྱི་གཙོ་གནད་སོགས་ལ་དམིགས་ནས་ཇུས་འགོད་ཞིབ་ཚགས་བྱས་ཏེ། ཁྱབ་སྤེལ་གྱི་ཕན་ནུས་ཆེ་རུ་གཏོང་དགོས། བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་སྲུང་བ་དང་འཕྱུག་པ་གཏན་ནས་མེད་པར་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བདེ་འཇགས་བྱ་ཐབས་ཞིབ་ཚགས་ཏན་ཏིག་བཟོ་བ། བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ་བཅས་བྱས་ནས། འགྲན་བསྡུར་བདེ་འཇགས་དང་གོ་རིམ་ལྡན་པ་དང་ལྟད་མོ་ཆེ་བའི་ངང་མཇུག་འགྲིལ་བའི་འགན་ལེན་བྱེད་དགོས།
ཀརྨ་ཚེ་བརྟན་གྱིས་ནན་བཤད་གནང་དོན། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། འགན་འཁྲི་ནན་པོར་དཀྲི་བ། སྒྲིག་ཁྲིམས་སྒྲིག་ལམ་ནན་དུ་གཏོང་བ། གྲོན་ཆུང་བསྲི་ཚགས་བྱེད་པ། “ལམ་སེང་སྒྲུབ་པ་དང་དངོས་འཛིན་དངོས་སྒྲུབ”ཀྱི་ལས་ཀའི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་གཏོང་བ། སྐབས་འདིའི་འགྲན་བསྡུར་སྤུས་ཚད་མཐོ་པོས་ཡག་པོ་གཉེར་བ་བཅས་བྱས་ཏེ། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱི་ཐོག་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་བསུ་བ་ཞུ་དགོས།