དབང་ཧའེ་ཀྲོའུ་ཡིས་ལྷོ་ཁ་དང་ལྷ་སར་བརྟག་ཞིབ་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་རུ་སྣེ་ཁྲིད་ནས་བསམ་ཡས་གཙུག་ལག་ཁང་དུ་ཕེབས་ཏེ་དགོན་པའི་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ་དང་ཆབས་ཅིག ལྷོ་ཁ་དང་ལྷ་ས་གཉིས་ཀྱིས་རིག་གནས་དང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་དང་། རིག་དངོས་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་། གཞི་རིམ་རིག་གནས་འཛུགས་སྐྱོང་སོགས་ཀྱི་ལས་དོན་སྤེལ་བར་དམིགས་ནས་བརྟག་ཞིབ་དང་མཛུབ་སྟོན་གནང་བ་རེད།
བསམ་ཡས་གཙུག་ལག་ཁང་གི་དོ་དམ་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་སྐབས། དབང་ཧའེ་ཀྲོའུ་ཡིས་བསམ་ཡས་གཙུག་ལག་ཁང་གི་ལས་དོན་ཁག་ལ་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས་གསུངས་དོན། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བ་ནི་བཀྲ་ཤིས་པའི་དོན་ཆེན་ཞིག་ཡིན་པས། ལས་དོན་མཐའ་དག་བརྗོད་དོན་གཙོ་བོ་དང་གཙོ་རྐང་དེར་དམིཌ་དགོས་ཤིང་། བསམ་ཡས་གཙུག་ལག་ཁང་གི་རྒྱུན་གཏན་དོ་དམ་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། ཕྱི་ནས་ཡོང་བའི་ཡུལ་སྐོར་བ་དང་དད་ལྡན་མང་ཚོགས་ལ་ཞབས་འདེགས་ཡག་པོ་ཞུ་བ། མེ་སྤྱོད་དང་གློག་སྤྱོད་སོགས་ཐད་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་ཞིབ་བཤེར་བྱེད་པ། རྒྱུན་གཏན་གྱི་སྐོར་སྲུང་སྐོར་གཡེང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་གནས་ཚུལ་གང་ཡང་མི་ཐོན་པར་བྱེད་དགོས། བསམ་ཡས་གཙུག་ལག་ཁང་གིས་རིག་དངོས་སྲུང་སྐྱོང་དང་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་རིམ་པ་གཏན་འཁེལ་དང་། ཐོ་འགོད། ཡིག་ཚགས་བཟོ་བ་སོགས་ཀྱི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ཏེ་ཐོ་འགོད་བྱེད་དགོས་རིགས་ཚང་མ་ཐོ་འགོད་བྱེད་པ་དང་འགན་ལེན་བྱེད་དགོས་རིགས་ཚང་མར་འགན་ལེན་བྱེད་དགོས། བསམ་ཡས་གཙུག་ལག་ཁང་གི་བདེ་འཇགས་བརྟན་ལྷིང་གི་ལས་དོན་ལ་ཤུགས་སྣོན་མུ་མཐུད་རྒྱག་པ་དང་། དགེ་འདུན་པའི་བསམ་བློའི་སློབ་གསོའི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ། “ཁྲིད་སྟོན”གྱི་ནུས་པ་འདོན་རྒྱུར་གཙིགས་ཆེན་བྱེད་པ། རྒྱལ་གཅེས་རིང་ལུགས་དང་། མི་རིགས་མཐུན་སྒྲིལ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སོགས་ཀྱི་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་ངང་སྤེལ་བ། མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་ནུས་ཡོད་པ་བཅས་ཀྱི་སྒོ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་སློབ་གསོ་དང“འདུ་ཤེས་གསུམ”གྱི་སློབ་གསོར་སྐུལ་འདེད་ནུས་ལྡན་གཏོང་དགོས།
དེ་རྗེས་དབང་ཧའེ་ཀྲོའུ་དང་བཅས་པས་གཟི་བྱིན་ལྷ་མཚོ་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་སོགས་སུ་བརྟག་ཞིབ་གནང་ཞིང་། ཁོང་གིས་ནན་བཤད་གནང་དོན། རིག་གནས་དང་ཡུལ་སྐོར་གསར་སྤེལ་བྱེད་སྐབས་དང་ཐོག་རང་བྱུང་སྐྱེ་ཁམས་དང་རིག་གནས་ཀྱི་ནང་དོན་མངོན་པར་བསམ་བློ་གཏོང་བ་དང་། ཚན་རིག་དང་མཐུན་པར་འཆར་འགོད་ཇུས་འགོད་བྱེད་པ། རྨང་གཞི་དང་ལེ་ལག་སྒྲིག་བཀོད་འཐུས་སྒོ་ཚང་དུ་རྒྱུན་ཆད་མེད་པར་གཏོང་བ་བཅས་བྱས་ནས་མང་ཚོགས་ཀྱི་ཉམས་ལེན་ཚོར་བ་ཡག་ཏུ་གཏོང་དགོས། རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལོ་རྒྱུས་རིག་དངོས་དང་ཚད་ལྡན་ཡིག་ཆའི་དཔྱད་ཡིག་བསྡུ་རུབ་དང་ལེགས་སྒྲིག་ལ་གཙིགས་ཆེན་བྱེད་པ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་གཏམ་རྒྱུད་སྔོག་འདོན་དང་། གསལ་འགྲེལ། དྲིལ་བསྒྲགས་བཅས་ཡག་པོ་བྱེད་པ། ལོ་རྒྱུས་ཀྱི་དོན་དངོས་དང་གནའ་བོའི་འཛུགས་སྐྲུན་གྱི་རྣམ་པ་སླར་གསོ་གང་ལེགས་བཅས་བྱས་ཏེ། རིག་གནས་དང་ཡུལ་སྐོར་གྱི་ཉམས་ལེན་དེ་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་མྱོང་བའི་བརྒྱུད་རིམ་དུ་དངོས་འབྲེལ་འགྱུར་བར་བྱེད་དགོས།