རིག་ལྡན་བཅོས་སྐྱོང་གིས་མཐའ་སྟོབས་མཐའ་བརྟན་ལ་མཐུན་རྐྱེན་སྦྱར་ཏེ་འགལ་བ་དང་རྩོད་གཞི“གཅིག་འཐུས་རྣམ་པའི”ཐག་གཅོད་བྱས་པ།
གངས་ལྗོངས་ས་མཐོར་དུས་བདེ་ཁྲིམས་སྐྱོང་གི་རྣམ་པ་བཟང་པོ་མངོན་པ།
ཁྲིམས་སྐྱོང་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཝང་ཧོ་ལིན། ཁྲིམས་སྐྱོང་ཉིན་རེའི་ཚགས་པར་གྱི་འཕྲིན་སྤེལ་བ། དབྱང་ལི་མིང་།
ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ལག་བསྟར་གཏིང་ཟབ་བྱས་ཏེ། “དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་རྒྱག་པ། ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་གི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས། ཁྲིམས་སྐྱོང་འཛུགས་སྐྱོང་དང་དུས་བདེ་འཛུགས་སྐྱོང་ཐད་ཀྱི་མང་ཚོགས་ཀྱི་དགོས་མཁོ་དེ་འབད་འཐབ་ཁ་ཕྱོགས་སུ་བརྩིས་ནས། གསར་གཏོད་ཀྱི་འདུ་ཤེས་རྒྱུན་འཁྱོངས་དང་། བསམ་ཕྱོགས་གལ་ཆེན་འདོན་པ། བྱ་ཐབས་ནུས་ལྡན་བཟོ་བ་བཅས་བྱས་ནས། ཞི་མཐུན་བརྟན་ལྷིང་ལ་ཤུགས་རྐྱེན་ངན་པ་བཟོ་བའི་མངོན་གསལ་དོད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་ཀྱིས་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད།
ད་ཆ་བོད་དུ་དུས་བདེ་ཁྲིམས་སྐྱོང་གི་རྣམ་པ་ཧ་ཅང་བཟང་པོ་མངོན་པ་སྟེ། སྤྱི་ཚོགས་བརྟན་ལྷིང་འཆམ་མཐུན་ཡོད་པ་དང་། མང་ཚོགས་བདེ་སྡོད་ལས་བརྩོན་ཡོད་པ། བོད་ཀྱི་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་དང་ལྷ་ས་གྲོང་ཁྱེར་གྱི་སྤྱི་པའི་བདེ་འཇགས་ཚོར་སྣང་ལོ་མང་རིང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ། ལྗོངས་ཡོངས་ཀྱི་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་99%ལས་རྒྱུན་མཐུད་ངང་བརྒལ་ཏེ་2024ལོར་99.53%སླེབས་ཡོད་པ་རེད།
སྤྱི་འདོམས་བཀོད་སྒྲིག་གིས་སྐུལ་འདེད་བཏང་བ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དུས་བདེ་འཛུགས་སྐྱོང་གི་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། སྒྲིག་སྲོལ་རང་བཞིན་དང་། ལམ་སྲོལ་རང་བཞིན། སྲིད་ཇུས་རང་བཞིན་བཅས་ཀྱི་གནད་དོན་ཞིབ་འཇུག་ཐག་གཅོད་བྱས་ནས་ཡུལ་ཕྱོགས་གཅིག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཡུལ་ཕྱོགས་གཅིག་གི་དུས་བདེ་སྲུང་བའི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ཏན་ཏིག་འཁུར་དགོས།
རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཐོག་མཐའ་བར་གསུམ་དུ་ཁྲིམས་སྐྱོང་བོད་ལྗོངས་དང་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཏུ་བཞག་ནས་སྤྱི་འདོམས་བཀོད་སྒྲིག་དང་སྐུལ་འདེད་བཏང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་དང་། ལྗོངས་ཏང་ཨུད་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་ཨུ་ལྷན་དང་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་གྱི་འགོ་ཁྲིད་ཚོགས་ཆུང་སོགས་ཀྱི་ཚོགས་འདུ་རབ་དང་རིམ་པ་གཙོ་སྐྱོང་ཐེངས་མང་གནང་ནས། ཁྲིམས་སྐྱོང་འཛུགས་སྐྱོང་དང་དུས་བདེ་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་སློབ་སྦྱོང་ལག་བསྟར་དང་དོན་འཁྱོལ་བྱ་ཐབས་ཞིབ་འཇུག་དང་ལག་བསྟར་བྱས་ནས་ལས་ཀའི་བླང་བྱ་བཏོན་གནང་བ་མ་ཟད། ཁྲིམས་སྐྱོང་བོད་ལྗོངས་དང་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་གྱི་འཐབ་ས་དང་པོར་ཐེངས་བཅུ་གྲངས་ལྷག་ཕེབས་ནས་བརྟག་ཞིབ་མཛུབ་ཁྲིད་གནང་སྟེ། “སྤྱིར་བཏང་གི་ནོར་སྲིད་ལ་བརྟེན་ནས་སྒྲིག་ཆས་རྩེ་གྲ་འགན་ལེན་བྱེད་པ་དང་། སྒྲིག་ཆས་རྩེ་གྲར་བརྟེན་ནས་བོད་ཀྱི་བརྟན་ལྷིང་འགན་ལེན་བྱེད་དགོས”ཞེས་པ་སོགས་ཀྱི་བླང་བྱ་བཏོན་གནང་བ་དང་། ཁྲིམས་སྐྱོང་བོད་ལྗོངས་དང་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་གྱི་མ་དངུལ་དང་། མི་སྣ། སྒྲིག་ཆས་བཅས་ལ་གཏོང་ཆ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་ཁྲིམས་སྐྱོང་བོད་ལྗོངས་དང་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་འགན་ལེན་བརྟན་པོ་མཁོ་འདོན་གནང་ཡོད།
གཞི་རིམ་ལ་དམ་འཛིན་གྱིས་རྨང་གཞི་བཏིང་བ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སྤྱི་ཚོགས་བཅོས་སྐྱོང་གི་གཙོ་གནད་གཞི་རིམ་དུ་སྤོ་སྒྱུར་བྱེད་པར་སྐུལ་འདེད་བཏང་ནས་ཐོན་ཁུངས་དང་། ཞབས་ཞུ། དོ་དམ་བཅས་དེ་བས་མང་བ་སྡེ་ཁུལ་དུ་ཕྱོགས་ཏེ་སྡེ་ཁུལ་གྱི་གྲོང་མིར་གནད་འཁེལ་ཅན་དང་ཞིབ་ཚགས་ཅན་གྱི་ཞབས་འདེགས་དེ་བས་ལེགས་པ་ཞུ་དགོས།
གཞི་རིམ་བཅོས་སྐྱོང་ཟམ་མི་ཆད་པར་གསར་གཏོད་བྱས་ཤིང་། གཞི་རིམ་བཅོས་སྐྱོང་གི་ལོ་གསུམ་མཐོར་འདེགས་བྱ་སྤྱོད་གཏིང་ཟབ་སྤེལ་ཏེ་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱས་པའི་རང་སྐྱོང་དང་། ཁྲིམས་སྐྱོང་། ཚུལ་བཞིན་སྐྱོང་བ་བཅས་ཟུང་འབྲེལ་བྱས་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་བྱེད་པ་གྲོང་སྡོད་དང་དགོན་སྡོད་དང་དེ་བཞིན“གཉིས་ལྡན་དུད་སྦྲེལ”འཛུགས་གཏོད་དང་དྲ་མིག་ཅན་གྱི་དོ་དམ་སོགས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གཙོ་གནད་གཞི་རིམ་དུ་སྒྱུར་བ་དང་། ཐོན་ཁུངས་གཞི་རིམ་དུ་གཏོང་བ། སྟོབས་ཤུགས་གཞི་རིམ་དུ་ཕྱོགས་པ་བཅས་ལ་སྐུལ་འདེད་བཏང་བས་གཞི་རིམ་བཅོས་སྐྱོང་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། 2011ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱིས་ལོ་15རྒྱུན་མཐུད་ནས་ལོ་ལྟར་ཕུལ་བྱུང་ལས་བྱེད་པ་ཁྲི་2ལྷག་སྲིད་འཛིན་གྲོང་ཚོ(གྲོང་ཚོ་ཨུ་ཡོན་ལྷན་ཁང)5464རུ་བཅའ་སྡོད་བྱེད་པར་མངགས་པས་ལས་བྱེད་པ་གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་ཁྱོན་ཡོངས་ལ་ཁྱབ་ཡོད། ལྗོངས་ཡོངས་སུ་དུད་སྦྲེལ་ཚན་པ་92666དབྱེ་བ་དང་། དུད་སྦྲེལ་སྤྱི་མི་92666བཀོད་སྒྲིག་བྱས་ཡོད། དྲ་མིག་ཁྲི་1.16ལྷག་ཙམ་དབྱེ་བ་དང་ཆེད་འགན་དང་ཞོར་འགན་འཁུར་མཁན་དྲ་མིག་པ་ཁྲི་1.43ལྷག་ཙམ་བཀོད་སྒྲིག་བྱས་ཡོད།
རྩོད་གཞི་ཐག་གཅོད་བྱེད་པའི་སྣ་མང་ཅན་གྱི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ཞིང་། འགལ་ཟླ་དང་རྩོད་གཞི་ཐག་གཅོད་བྱེད་སྟངས་གསར་པ་འཚོལ་ཞིབ་དང་གསར་གཏོད་ཧུར་ཐག་བྱས་ཏེ། འགལ་ཟླ་དང་རྩོད་གཞི་དུས་བསྟུན་ཐོ་འཇུག་ཡར་སྐྱེལ་དང་དུས་བཀག་ལྟར་དབྱེ་ཞིབ་གྲོས་མོལ་གྱི་ལམ་སྲོལ་འཛུགས་པ་དང་། ཆེད་འགན་དང་ཞོར་འགན་འཁུར་མཁན་འདུམ་འགྲིག་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཉེན་ཁ་དང་འགལ་ཟླ་རིམ་པ་དབྱེ་ནས་བཅོས་སྒྲིག་བྱེད་པར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ། འགལ་ཟླ་དང་གནད་དོན་ཛ་དྲག་དང་། ཇེ་ཆེ། ཇེ་སྡུག་བཅས་སུ་མི་འགྲོ་བ་བྱས་ཡོད། ལྗོངས་ཡོངས་སུ་འདུམ་འགྲིག་རྩ་འཛུགས་7077བཙུགས་པ་དང་། གྲོང་ཁྱེར་དང་། རྫོང་། ཤང་བཅས་རིམ་གསུམ་གྱི“གཅིག་འཐུས་རྣམ་པའི”འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་ལྟེ་གནས་773བཙུགས་པ། ཆེད་འགན་དང་ཞོར་འགན་འཁུར་མཁན་འདུམ་འགྲིག་པ་ཁྲི་4.2བཀོད་སྒྲིག་བྱས་པ། “དུས་བཞི་འཆམ་མཐུན”འདུམ་འགྲིག་ལས་དོན་ཁང་སོགས་རང་སྐྱོང་ལྗོངས་ཀྱི་འདུམ་འགྲིག་ཁང་རྩེ་གྲ་37བཙུགས་ཡོད།
དུས་བདེ་འཛུགས་གཏོད་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ཞིང་། དུས་བདེ་འཛུགས་གཏོད་ཀྱི་བྱེད་སྒོ་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་གྱི་གཞི་རྟེན་གལ་ཆེན་ཞིག་ཏུ་་བརྩི་རྒྱུ་མཐའ་འཁྱོངས་ཀྱིས“གྱོད་གཞི་ཐོན་ཉུང་བ་དང་། སྒྲིག་ལམ་བཟང་བ། ཞབས་ཞུ་ལེགས་པ། མང་ཚོགས་བློ་ཡིད་ཚིམ་པ”བཅས་ཀྱི་འཛུགས་གཏོད་དམིགས་ཚད་ལ་དམ་པོར་དམིགས་ནས་ཚད་གཞི་མཐོ་བ་དང་། ཁྱབ་ཁོངས་ཡངས་པ། ཁྱབ་རྒྱ་ཆེ་བ། རིམ་པ་མང་བ་བཅས་ཀྱི་དུས་བདེ་འཛུགས་གཏོད་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ། དུས་བདེ་འཛུགས་གཏོད་བྱེད་སྟངས་དང་བྱ་ཐབས་གསར་གཏོད་ལ་སྐུལ་འདེད་མགྱོགས་པོ་བཏང་ཐོག བདེ་འཇགས་བརྟན་ལྷིང་ལ་ཤུགས་རྐྱེན་བཟོ་བའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཡོད། ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་དང་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་དང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས། ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་བཅས་ལ་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་གྱི་དཔེ་སྟོན་གྲོང་ཁྱེར་དང་རྫོང(ཆུས)གི་མིང་བཏགས་པ་དང་། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ལ་སྐབས་གཉིས་བསྟུད་མར“ཁྲང་ཨན་བུམ་པ”ཐོབ་ནས་རྒྱལ་ཡོངས་ཀྱི་དུས་བདེ་འཛུགས་སྐྲུན་གྱི་མིག་དཔེར་གྱུར་ཡོད།
ཁྲིམས་ལྟར་བོད་སྐྱོང་མཐའ་འཁྱོངས་བྱས་པ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུ་ཏང་ཀྲུང་དབྱང་གིས་བཏོན་པའི་བོད་ཀྱི་ལས་དོན་གྱི་རྩ་དོན་གལ་ཆེན་ཞིག་རེད།
ཉེ་བའི་ལོ་ཤས་རིང་། བོད་ཀྱིས་ཁྲིམས་ལྟར་བོད་སྐྱོང་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་འཛུགས་སྐྱོང་མཐའ་འཁྱོངས་བྱས་པས་ཁྲིམས་འཛུགས་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་སྲིད་ཁྲིམས་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་ཚད་བརྒལ་བྱུང་བ་དང་། གནད་སྨིན་ངང་བཅའ་ཁྲིམས་ཁྱབ་གདལ་ལ་སྐུལ་འདེད་གཏིང་ཟབ་བཏང་བས་ཁྲིམས་འཛིན་གྱི་སྤུས་ཚད་དང་། ལས་ཕྱོད། སྤྱི་མོས་ཐོབ་ཚད་བཅས་མཐོ་རུ་ཤུགས་ཆེན་ཕྱིན་ནས་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
ཉེ་བའི་ལོ་ཤས་རིང་། སྲིད་ཁྲིམས་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལས་འགན་ཁག་96ལེགས་གྲུབ་བྱུང་བ་དང་། གྲུབ་འབྲས་གལ་ཆེན་ཁག་94ཐོབ་པ། ལམ་ལུགས་ཀྱི་གྲུབ་འབྲས་ཁག་1600ལྷག་ཙམ་གྲུབ་ཡོད། ལྗོངས་ཡོངས་ཀྱི་རིམ་གསུམ་ཁྲིམས་ཁང་གིས་དྲ་ཐོག་ནས་གྱོད་ཐོ་འགོད་པ་དང་ས་ཁོངས་བརྒལ་ནས་གྱོད་ཐོ་འགོད་པ་ཁྱོན་ཡོངས་ལ་ཁྱབ་པ་དང་། སྤྱི་བདེ་ལས་ཁུངས་ཀྱིས“དྲ་སྦྲེལ་དང་སྤྱི་བདེའི་སྲིད་དོན་ཞབས་ཞུ་ཟུང་འབྲེལ”གྱི་ལས་སྟེགས་དངོས་སུ་སྤྱོད་འགོ་བཙུགས་པ། རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་གིས་བཙུགས་པའི་12309མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“གཡང་འཛོམས་ཀྱི་ཐད་སྦྲེལ་ཁ་པར”དེ་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་རྒྱལ་ཡོངས་ཞིབ་དཔྱོད་ཞབས་ཞུའི་ཐད་སྦྲེལ་ཁ་པར་གྱི་ཚོད་ལྟའི་དཔེ་མཚོན་ཞིག་ཏུ་བརྩིས་ནས་ཁྱབ་གདལ་བཏང་ཡོད།
ལྗོངས་ཡོངས་ཀྱི་རྒྱལ་ཁབ་ཀྱི་ཁྲིམས་འཛིན་རོགས་སྐྱོབ་ལས་དོན་ལ་སྔར་བས་ཤུགས་སྣོན་དང་ཚད་ལྡན་དུ་བཏང་ནས་རང་སྐྱོང་ལྗོངས་དང་། ས་ཁུལ་དང་གྲོང་ཁྱེར། རྫོང(གྲོང་ཁྱེར་དང་ཆུས)བཅས་རིམ་པ་གསུམ་གྱི་བཅའ་ཁྲིམས་རོགས་སྐྱོར་སྒྲིག་གཞི་མགྱོགས་མྱུར་བཙུགས་ཡོད། 2021ལོའི་ཟླ་3པར། རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལྟེ་གནས་ཐོག་མ་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་། མིག་སྔར་རང་སྐྱོང་ལྗོངས་དང་། ས་ཁུལ་དང་གྲོང་ཁྱེར། རྫོང(གྲོང་ཁྱེར་དང་ཆུས)བཅས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལྟེ་གནས་82དང་ཤང་དང་གྲོང་རྡལ(ཁྲོམ་གཞུང)གྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ས་ཚིགས་638སྒོ་བྱང་བཀལ་ནས་ལས་སྒོ་གཉེར་བཞིན་ཡོད། མཐའ་མཚམས་གྲོང་ཚོར(གྲོང་ལྷན)ཞིབ་དཔྱོད་ཞབས་ཞུའི་ལྟེ་གནས་12309བཙུགས་པ་དང་། ཁྲིམས་རྩོད་པ་600ལྷག་ཙམ་གྱིས་གྲོང་ཚོའི(སྡེ་ཁུལ)བཅའ་ཁྲིམས་བློ་འདྲི་བའི་འགན་འཁུར་བཞིན་ཡོད། སྔ་རྗེས་སུ་རྒྱལ་ཡོངས་ཀྱི་དམངས་གཙོའི་ཁྲིམས་སྐྱོང་དཔེ་སྟོན་གྲོང་ཚོ་71བཙུགས་པ་དང་། ཁྲིམས་སྦྱོང་ཁྲིམས་སྤྱོད་ཀྱི་དཔེ་སྟོན་དུད་ཚང་2752སྐྱེད་སྲིང་བྱས་པ། བཅའ་ཁྲིམས་ཤེས་མཁན་ཁྲི་2.21ལྷག་ཙམ་གསོ་སྐྱོང་བྱས་པ། བཅའ་ཁྲིམས་རོགས་སྐྱོར་གྱོད་གཞི་31599བདག་སྤྲོད་བྱས་པ། རོགས་སྐྱོར་བྱ་ཡུལ་ལ་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར་3.35གསབ་ཡོད།
“ཁྲིམས་ལུགས་རིག་པ་མཁས་ཅན་བརྒྱ་ཡི་སྙན་ཞུའི་ཚོགས་འདུ་ཐེངས་བརྒྱའི”ཁྲིམས་སྐྱོང་སྒྲོག་འགྲེལ་བྱེད་སྒོ་དང“བཅའ་ཁྲིམས་ཁྱབ་གདལ་གཏོང་མཁན་གཞོན་ནུ་དང་བླངས་པའི་ཁྲིམས་སྐྱོང་རིག་གནས་གཞི་རིམ་དུ་སྤེལ་བའི”བྱེད་སྒོར་སྐུལ་འདེད་གཏིང་ཟབ་བཏང་ཞིང་། 2024ལོ་ཚུན་དུ“བརྒྱ་གཉིས”ཀྱི་སྙན་ཞུའི་ཚོགས་འདུ་ཐེངས་6021དང“གཞི་རིམ་དུ་སྐྱོད་པའི”བཅའ་ཁྲིམས་ཁྱབ་གདལ་བྱེད་སྒོ་ཐེངས་ཁྲི་3.9ལྷག་ཙམ་གཉེར་བར་མང་ཚོགས་མི་ཐེངས་ཁྲི་360ལྷག་ཙམ་ཞུགས་པས། མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་སྐྱོང་གི་འདུ་ཤེས་མངོན་གསལ་དོད་པོས་ཟབ་ཏུ་ཕྱིན་ནས་སྤྱི་ཚོགས་ཡོངས་སུ་རང་རྟོགས་ངང་ཁྲིམས་སྲུང་བ་དང་། ལས་དོན་སྒྲུབ་དུས་ཁྲིམས་གཞིར་བཟུང་བ། གནས་ཚུལ་འཕྲད་དུས་ཁྲིམས་ཁུངས་འཚོལ་བ། དོན་དག་གཅོད་དུས་ཁྲིམས་ལ་བསྟུན་པ། འགལ་ཟླ་ཐུག་དུས་ཁྲིམས་བཞིན་སེལ་བ་བཅས་ཀྱི་རྣམ་པ་བཟང་པོ་ཆགས་ཡོད།
(《ཁྲིམས་སྐྱོང་ཉིན་རེའི་ཚགས་པར》ནས་བརྒྱུད་འགོད་བྱས)