རང་སྐྱོང་ལྗོངས་སྲིད་གཞུང་གིས“གཙོ་གནད་ཆུ་བེད་རྣམ་གྲངས་འཛུགས་སྐྲུན་ལ་དམིགས་ནས་ལེགས་ལྡན་ཐོན་ལས་གང་མགྱོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”སྐོར་གྱི་ཆེད་དོན་གྲོས་མོལ་བཞུགས་མོལ་ཚོགས་འདུ་འཚོགས་པ།
ཚེས་26ཉིན་རང་སྐྱོང་ལྗོངས་སྲིད་གཞུང་གིས“གཙོ་གནད་ཆུ་བེད་རྣམ་གྲངས་འཛུགས་སྐྲུན་ལ་དམིགས་ནས་ལེགས་ལྡན་ཐོན་ལས་གང་མགྱོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”སྐོར་གྱི་ཆེད་དོན་གྲོས་མོལ་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། རང་ལྗོངས་ཀྱི་ད་ལྟའི་དུས་མཚམས་ཀྱི་གཙོ་གནད་ཆུ་བེད་རྣམ་གྲངས་འཛུགས་སྐྲུན་གྱིས་ལེགས་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ད་ལྟའི་རྣམ་པ་དང་དེར་ལྷག་པའི་དཀའ་གནད་སོགས་ལ་དམིགས་ནས་ཐབས་འདོན་ཇུས་འབུལ་བྱས་པ་རེད།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་རིང་ཕུན་ཚོགས་ཀྱིས་གསུང་བཤད་གནང་བ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུར་ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཆུའི་བདེ་འཇགས་འགན་ལེན་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་རྒྱུ་དམིགས་ཡུལ་དུ་བརྩིས་པ་དང་ཆུ་བེད་རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུ་སྤུས་ལེགས་ཐོན་ལས་ལ་ཞབས་འདེགས་ཞུ་བའི་བྱ་ཐབས་གལ་ཆེན་ལ་བརྩིས་ཏེ། ཞན་ཆ་སེལ་བ་དང་། སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། འཛུགས་སྐྲུན་ལ་སྣང་ཆེན་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཐད་ཤུགས་བརྒྱབ་ནས་ལྗོངས་ཡོངས་ཀྱི་ཆུ་བེད་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་བཟང་པོ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་པ་རེད།
ཚོགས་འདུར་གཙོ་གནད་ཆུ་བེད་རྣམ་གྲངས་འཛུགས་སྐྲུན་བྱས་ནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ངོས་འཛིན་གཏིང་ཟབ་ཐུབ་པར་བྱེད་པ་དང་། ཆུའི་འཆར་འགོད་ཞིབ་ཚགས་བཟོ་བ། ཆུའི་ཁོར་ཡུག་སྲུང་སྐྱོང་ནུས་ལྡན་བྱེད་པ། ཆུའི་སྐྱེ་ཁམས་སྙིང་རུས་ཆེན་པོས་སྲུང་བ། སེམས་ནུས་ཡོད་རྒུས་ཆུའི་ཐོན་ཁུངས་གསར་སྤེལ་བྱེད་པ། ཐབས་ཤེས་མཁས་པོས་ཆུ་བེད་ལས་གྲྭ་འཛུགས་སྐྲུན་བཅས་བྱས་ནས། ས་མཐོའི་དཔལ་འབྱོར་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་དངོས་སྒྲུབ་ཀྱི་ཐབས་འདོན་པ་དང་འཕེལ་རྒྱས་ཀྱི་བྱས་རྗེས་འཇོག་དགོས་པའི་ནན་བཤད་བྱས་པ་རེད།