ཡན་ཅིན་ཧའེ་ཡིས་ལྷ་ས་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།
ཚེས་25ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཡན་ཅིན་ཧའེ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་དང་ཆུ་ཤུར་རྫོང་སོགས་སུ་ཕེབས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པ་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ལ་དམིགས་ནས་བརྟག་ཞིབ་གནང་བ་རེད།
ཡན་ཅིན་ཧའེ་སྔ་རྗེས་སུ་གནས་ནང་དགོན་དང་མཚུར་ཕུ་དགོན་དུ་ཕེབས་ནས་དགོན་སྡེའི་དགེ་འདུན་དང་དགོན་སྡོད་ལས་བྱེད་པ་དང་ངོ་ཐུག་སྤེལ་རེས་གནང་ནས་དགོན་པའི་ལོ་རྒྱུས་དང་། “འདུ་ཤེས་གསུམ”གྱི་སློབ་གསོ། དེ་བཞིན་རིག་དངོས་སྲུང་སྐྱོབ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། ཆོས་ལུགས་ལས་དོན་དོ་དམ་ལ་ཁྲིམས་བཞིན་ཤུགས་རྒྱག་པ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བཅས་བྱས་ནས། དུས་རབས་གསར་པའི་ཆོས་ལུགས་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུ་གཙོ་རྐང་དུ་བཟུང་ནས། དད་ལྡན་མང་ཚོགས་ལ་རྒྱལ་གཅེས་ཆོས་གཅེས་དང་དད་སྦྱོར་ཡང་དག་གི་ཁྲིད་སྟོན་བྱེད་པ་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱས་ཏེ། ཆོས་ལུགས་ཞི་དུལ་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ལ་ལེགས་སྐྱེས་ཧུར་ཐག་འབུལ་དགོས་པའི་ནན་བཤད་གནང་བ་རེད།
ཆུ་ཤུར་རྫོང་དུ་ཡན་ཅིན་ཧའེ་ཡིས་དང་ཐོག་རྟ་དཀར་གྲོང་རྡལ་ལྟེ་བའི་སློབ་ཆུང་དུ་ཕེབས་ནས་སློབ་གྲྭའི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་གྱི་གནས་ཚུལ་ངོ་སྤྲོད་གསན་ཞིང་། ཁོང་གིས། བྱེད་སྟངས་དང་བྱ་ཐབས་གསར་གཏོད་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་སློབ་གསོ་མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་ནུས་ཡོད་པ་བཅས་ལ་སྐུལ་འདེད་བཏང་སྟེ། གཞོན་ནུ་ལོ་ཆུང་སློབ་མར་རང་རྟོགས་ངང་མི་རིགས་མཐུན་སྒྲིལ་གྱི་སྲུང་སྐྱོང་པ་དང་སྐུལ་འདེད་པ་བྱེད་པར་ཁྲིད་སྟོན་བྱེད་དགོས་པའི་ནན་བཤད་གནང་བ་རེད། ཡན་ཅིན་ཧའེ་ལྷ་ས་སྐྱིད་ཆུའི་ངོགས་ཀྱི་གསུམ་ལྡན་གྲོང་ཚོར་ཕེབས་ནས་གྲོང་གསེབ་ཀྱི་རྒན་གསོའི་ཞབས་ཞུའི་ལས་དོན་སྤེལ་བའི་གནས་ཚུལ་ལ་བརྟག་ཞིབ་གནང་བ་དང་འབྲེལ། ཞབས་ཞུ་རྒྱུན་མཐུད་ལེགས་སུ་བཏང་ནས་ཉིན་མོའི་རྒན་རྒོན་ལྟ་སྐྱོང་ཞབས་ཞུ་ཆེད་ལས་ཅན་དང་ཞིབ་ཚགས་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། རྒན་རྒོན་རྣམས་རྒས་དུས་བརྟེན་ས་ཡོད་པ་དང་། རྒས་དུས་འཚོ་རྟེན་ཡོད་པ། རྒས་དུས་སེམས་པ་སྐྱིད་པ་བཅས་ཡོང་བར་བྱེད་དགོས་པའི་མངགས་བཅོལ་ཡང་ཡང་གནང་བ་རེད། གསུམ་ལྡན་གྲོང་ཚོའི་འབྱོར་འབྲིང་འཁོར་ཁང་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁྱིམ་ཚང་དུ་ཡན་ཅིན་ཧའེ་ཡིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་འཕེལ་རྒྱས་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། བརྩེ་བ་ཟབ་མོས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་སྐོར་བཀའ་འདྲི་གནང་ནས། ཚང་མར་དུས་རབས་ཀྱི་འཕེལ་རྒྱས་དང་ཁྲོམ་རའི་དགོས་མཁོ་དང་བསྟུན་པ་དང་། ཡུལ་བབ་དང་བསྟུན་ནས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་བཏང་སྟེ། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་གཏོང་དགོས་པའི་སྐུལ་ལྕག་གནང་བ་རེད།
ཆུ་ཤུར་རྫོང་ཆུ་ཤུར་གྲོང་རྡལ་འཇུན་པ་གྲོང་ཚོར་ཡན་ཅིན་ཧའེ་ཡིས་མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་རྒྱུན་འཛིན་དང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་རྣམ་གྲངས་འཆར་འགོད་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་གཟིགས་ཞིབ་གནང་ཞིང་། ཁོང་གིས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱེད་པ་དེ་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་ངོས་ནས་བརྗོད་ན་གལ་འགངས་ཧ་ཅང་ཆེན་པོ་ཡོད། མངོན་མིན་རིག་གནས་ཤུལ་བཞག་ལ་གསར་གཏོད་རང་བཞིན་གྱི་འཕོ་འགྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་ཤུགས་རྒྱག་པ་དང་། རིག་གནས་ཀྱི་གོ་དོན་དང་དུས་རབས་ཀྱི་རིན་ཐང་སྔོན་འདོན་བྱེད་པ། བོད་ཀྱི་ཁྱད་ཆོས་ལྡན་པའི་འཛད་སྤྱོད་སྤུས་རྟགས་དང་རྣམ་པ་གཏོད་པ་བཅས་བྱས་ཏེ། བོད་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱེད་དགོས་ཞེས་གསུངས་པ་རེད།