ཝང་ཅུན་ཀྲེང་གིས་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཀྲང་ལི་ཞའོ་ཧུང་བཅས་པ་དང་བཞུགས་མོལ་གནང་བ།
ཀརྨ་ཚེ་བརྟན་ཞུགས་པ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་ཀྲུང་གོ་བཟོ་སྐྲུན་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཡོན་ཀྲང་ལི་ཞའོ་ཧུང་བཅས་པ་དང་བཞུགས་མོལ་གནང་ཞིང་། འདི་ནི་བཞུགས་མོལ་གནང་བཞིན་པ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་ཀྲུང་གོ་བཟོ་སྐྲུན་ཁང་ཏང་ཙུའི་ཧྲུའུ་ཅི་དང་ཡོན་ཀྲང་ལི་ཞའོ་ཧུང་བཅས་པ་དང་བཞུགས་མོལ་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀརྨ་ཚེ་བརྟན་དང་ལུའོ་མེ་དང་། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་རྡོ་རྗེ་དང་། རའོ་ཧུང་། ཐང་ཅུས་ཤིན། ཧོ་ཁྲོན། ཉི་མ་བཀྲ་ཤིས། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཝང་ཁྲེང་ཧྲན་བཅས་ཞུགས་ཡོད་པ་རེད།
ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ལི་ཞའོ་ཧུང་དང་བཅས་པར་དགའ་བསུ་ཞུས་པ་མ་ཟད། ཀྲུང་གོ་བཟོ་སྐྲུན་ཁང་གིས་དུས་ཡུན་རིང་པོར་བོད་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། “བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་དོན་ཆེན་བཞིར་མུ་མཐུད་དམ་འཛིན་བྱས་པ་དང་བྱ་གཞག་ཁག་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་བས། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་དེ་བས་བརྟན་དུ་ཕྱིན་ཡོད་ཅེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། ལོ་མང་རིང་། ཀྲུང་གོ་བཟོ་སྐྲུན་ཁང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ནས་ཡོན་ཧྲི་དང་རྒྱ་ཆེའི་བཟོ་སྐྲུན་ཚན་རྩལ་ལས་དོན་པས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་ཧུར་ཐག་ཞུགས་ནས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་དང་ཐོན་ལས་ལག་རྩལ་འགག་སྒྲོལ་སོགས་ཀྱི་ཐད་འཇོན་ཐང་དང་ཇུས་ཤུགས་བཏོན་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཕུལ་ཡོད། ཀྲུང་གོ་བཟོ་སྐྲུན་ཁང་གིས་སྔར་རྒྱུན་བཞིན་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་སྟེ་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་རྒྱུའི་རེ་བ་ཡོད། རྒྱལ་ཁབ་ཀྱི་གཙོ་གནད་འཐབ་ཇུས་ལ་ཞབས་འདེགས་ཞུ་བ་དང་། བོད་ལྗོངས་དང་མཉམ་དུ་རྒྱལ་ཁབ་ཀྱི་ཚན་རྩལ་གཙོ་གནད་རྣམ་གྲངས་ཀྱི་འགན་འཁུར་བ། བོད་དུ་རྒྱལ་ཁབ་རིམ་པའི་གསར་གཏོད་ལས་སྟེགས་སྐྲུན་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཚན་རྩལ་གྲུབ་འབྲས་ཕྱོགས་སྒྱུར་བཀོལ་སྤྱོད་ལ་ཤུགས་སྣོན་རྒྱག་དགོས། ཐོན་སྐྱེད་ནུས་ཤུགས་གསར་མ་གསོ་སྐྱོང་དང་འཕེལ་རྒྱས་གཏོང་བ་དང་། དེ་བས་མང་བའི་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་བོད་དུ་གཅིག་སྡུད་བྱེད་པར་སྐུལ་འདེད་གཏོང་བ། ནུས་རྒྱུ་གཙང་མ་དང་ལྗང་མདོག་བཟོ་ལས་སོགས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཐོན་ཁུངས་ཀྱི་ལེགས་ཆ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་དེ་བས་ལེགས་པར་བསྒྱུར་དགོས། ཚན་རྩལ་གསར་གཏོད་ཤེས་ལྡན་པ་གསོ་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་། རིག་སྟོབས་ཀྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཤེས་ལྡན་པའི་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་བ། བོད་ཀྱིས་ཆུ་ཚད་མཐོ་བའི་གསར་གཏོད་ཚོགས་པ་དང་ཚན་རྩལ་ཤེས་ལྡན་པ་གསོ་སྐྱོང་བྱེད་པར་རོགས་རམ་བཅས་བྱས་ནས། ཁོང་ཚོ་བོད་དུ་རྩ་བ་ཚུགས་ནས། བོད་ལ་ཞབས་འདེགས་ཞུ་བ་དང་། བོད་འཛུགས་སྐྲུན་བྱེད་པར་སྐུལ་ལྕག་དང་ཁྲིད་སྟོན་བྱེད་དགོས།
ལི་ཞའོ་ཧུང་གིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་གསར་པར་བརྟེན་འབྲེལ་ཞུས་པ་དང་འབྲེལ། རྟོག་ཞིབ་དང་བརྟག་ཞིབ་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་ཀྱང་གནང་བ་རེད། ཁོང་གིས། ད་ཐེངས་བོད་དུ་བརྟག་ཞིབ་ལ་ཡོང་བས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་གཟིགས་སྐྱོང་འོག བོད་ལ་ཆབ་སྲིད་བརྟན་ལྷིང་དང་། སྤྱི་ཚོགས་བརྟན་ལྷིང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། མཐའ་སྲུང་སྲ་བརྟན། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཀྱི་དར་རྒྱས་གོང་འཕེལ་བྱུང་བའི་རྣམ་པ་ཟབ་མོ་ཚོར་བྱུང་། ཀྲུང་གོ་བཟོ་སྐྲུན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། རང་ངོས་ཀྱི་ལེགས་ཆ་གང་ལེགས་འདོན་པ་དང་ཡོན་ཧྲི་དང་རིགས་གཅིག་མཁས་ཅན་གྱི་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱས་ནས་གཙོ་གནད་འཐབ་ཇུས་ཀྱི་བློ་འདྲི་དང་། ཐོན་ལས་ལག་རྩལ་འགག་སྒྲོལ། གསར་གཏོད་ཤེས་ལྡན་པ་དང་དེའི་ཚོགས་པ་གསོ་སྐྱོང་སོགས་ཀྱི་ཐད་རྒྱུན་མཐུད་ཤུགས་བརྒྱབ་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་རམ་འདེགས་དེ་བས་ལེགས་པ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།