དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀརྨ་ཚེ་བརྟན།
  • ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་ཡིག་འབུལ་ཞུ་བཅར་ཅུས་སུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-26

    ཚེས་24ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་ཡིག་འབུལ་ཞུ་བཅར་ཅུས་སུ་བརྟག་ཞིབ་གནང་བ་དང་འབྲེལ་ས་གནས་ས་ཐོག་ཏུ་ཡིག་འབུལ་ཞུ་བཅར་བྱེད་མཁན་མང་ཚོགས་ལ་སྣེ་ལེན་ཞུས་པ་རེད།

    རང་སྐྱོང་ལྗོངས་ཡིག་འབུལ་ཞུ་བཅར་ཅུས་ཀྱི་སྣེ་ལེན་ཁང་དུ་ཀརྨ་ཚེ་བརྟན་གྱིས་ཡིག་འབུལ་ཞུ་བཅར་བྱེད་མཁན་མང་ཚོགས་ལ་སྣེ་ལེན་ཞུས་ནས་མང་ཚོགས་ཀྱི་རེ་ཞུ་ནན་ཏན་ངང་གསན་པ་དང་དོན་དག་གི་རྒྱུ་རྐྱེན་དང་ཐག་གཅོད་བྱས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། གནད་དོན་གྱི་དཀའ་གནད་དང་འགལ་ཟླར་དམིགས་ཏེ་ས་གནས་ས་ཐོག་ཏུ་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་མཉམ་དུ་ཐག་གཅོད་བྱེད་ཐབས་ཞིབ་འཇུག་གནང་རྗེས། ཁོང་གིས་དམངས་འཚོའི་བྱ་བ་དོན་ཆུང་མིན་པས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱས་ཏེ། གཞན་སར་རང་བསྡད་དེ་མང་ཚོགས་ཀྱི་ཆེད་དུ་བསམ་བློ་གཏོང་བ་དང་། སྡེ་ཚན་དབར་གྱི་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ། མང་ཚོགས་ཀྱི་ལུགས་མཐུན་ཁྲིམས་མཐུན་གྱི་རེ་ཞུ་ཐག་གཅོད་ཧུར་ཐག་བྱས་ནས་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་གནད་སེལ་དགོས་པའི་ནན་བཤད་གནང་བ་རེད།

    ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་ཡིག་འབུལ་ཞུ་བཅར་ཅུས་ཀྱི་འབྲེལ་ཡོད་ཁྲུའུ་དང་ཁང་དུ་ལས་བྱེད་ལས་བཟོ་དང་སྤེལ་རེས་གཏིང་ཟབ་གནང་ནས་རང་ལྗོངས་ཀྱི་ཡིག་འབུལ་ཞུ་བཅར་ལས་དོན་གྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། ཡིག་འབུལ་ཞུ་བཅར་ནི“སྒོ་རྩར་བསྐྱལ་བའི་མང་ཚོགས་ཀྱི་ལས་དོན”ཞིག་ཡིན་པས། མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་དང་། མི་དམངས་ཀྱི་ལངས་ཕྱོགས་ཐོག་བརྟན་པོར་ལངས་ནས་མང་ཚོགས་ཀྱི་འབོད་སྒྲ་ལྷག་བསམ་རྣམ་དག་ངང་ཉན་པ་དང་། མང་ཚོགས་ཀྱི་འདུན་པ་བདེན་པ་བདེན་ཐུབ་ངང་གོང་ཞུ་བྱེད་པ། མང་ཚོགས་ཀྱི་དཀའ་ངལ་ལ་སེམས་ཁུར་བཅས་བྱས་ཏེ། བརྩེ་སེམས་དང་། འགན་འཁྲི། ལྷག་བསམ་བཅས་ལ་བརྟེན་ནས་ཡིག་འབུལ་ཞུ་བཅར་གྱི་ལས་དོན་ཡག་པོ་བསྒྲུབས་ཏེ་མི་དམངས་ཀྱི་ཆེད་དུ་དཀའ་ངལ་སེལ་བ་དང་ཏང་དང་དཀའ་སྡུག་མཉམ་མྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་དེ་བས་ལེགས་པར་ཁུར་དགོས། ཁྲིམས་སྐྱོང་གི་འདུ་ཤེས་བརྟན་དུ་བཏང་ནས་ཡིག་འབུལ་ཞུ་བཅར་གྱི་ལས་དོན་ཁྲིམས་སྐྱོང་ཅན་དང་། ཚད་ལྡན་ཅན། ཚན་རིག་ཅན་བཅས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། 《ཡིག་འབུར་ཞུ་བཅར་ལས་དོན་སྐོར་གྱི་སྲོལ་ཡིག》ལག་བསྟར་ནན་ཏན་བྱས་ཏེ་བདག་སྤྲོད་དང་། བསྒྲུབ་རྒྱུར་སྤྲོད་པ། རྗེས་སྙེག ཐག་གཅོད་མཐའ་འདོམས་བཅས་ཀྱི་ལས་ཀའི་བརྒྱུད་རིམ་ཆགས་པར་བྱས་ནས། ཁྲིམས་སྐྱོང་ལམ་བུར་ཡིག་འབུལ་ཞུ་བཅར་གྱི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། འབྱུང་རྩ་ནས་བཅོས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”དང“ཕུའུ་ཅང་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ། “གཞི་རིམ་དུ་སླེབས་པ་བཞིའི”སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་བ། ཡིག་འབུལ་ཞུ་བཅར་ལས་དོན་གྱི་འགན་འཁྲིའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་བ། འཕྲལ་དུ་སྒྲུབ་པ་དང་དངོས་འཛིན་དངོས་སྒྲུབ། འགལ་བ་དང་རྩོད་གཞིར་ཕྱོགས་ཡོངས་ནས་ཞིབ་བཤེར་དང་སྣ་མང་ཐག་གཅོད་ཀྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས། འགལ་བ་དང་རྩོད་གཞི་གཞི་རིམ་དུ་སེལ་བ་དང་མ་ཐོན་གོང་ནས་ཐག་གཅོད་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།