ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་དུ་བརྟག་ཞིབ་གནང་བ།
ཚེས་23ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་དུ་བརྟག་ཞིབ་གནང་ཞིང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ཆེན་སྐོར་གྱི་རྣམ་བཤད་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ་དང་། “ལམ་གཉིས”ཀྱི་སྙིང་སྟོབས་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། འགྲིམ་འགྲུལ་ལྗོངས་སྟོབས་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ། བོད་ཀྱི་འགྲིམ་འགྲུལ་གྱི་འཆར་གཞི་ཡག་པོ་འགོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“ལམ་འབྱེད་གདོང་ལེན་པ”ཡག་པོ་བྱེད་པ་བཅས་ཀྱི་ཐོག་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ཧུར་ཐག་རྩོམ་པར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
རང་སྐྱོང་ལྗོངས་གཞུང་ལམ་བྱ་གཞག་འཕེལ་རྒྱས་དང་འཕྲལ་སྡོམ་འགན་སྲུང་ལྟེ་གནས་སུ་ཀརྨ་ཚེ་བརྟན་གྱིས་ལྗོངས་ཡོངས་ཀྱི་གཞུང་ལམ་བདག་སྐྱོང་དང་འཕྲལ་སྡོམ་འགན་སྲུང་ལས་དོན་གནས་ཚུལ་གྱི་སྙན་སེང་གསན་པ་དང་འབྲེལ། བརྙན་ལམ་ཐོག་ནས་འཐབ་ས་མདུན་མའི་གཞུང་ལམ་བདག་སྐྱོང་བཟོ་པ་དང་འབྲེལ་བ་གནང་སྟེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཁོང་ཚོས་ལས་གནས་བརྟན་སྲུང་དང་དཀའ་སྤྱད་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ཚང་མར་ལས་འགན་ཡག་པོ་སྒྲུབ་པ་དང་འགན་འཁྲི་ཡག་པོ་འཁུར་བ་དང་། གཞུང་ལམ་འཛུགས་སྐྲུན་དང་བདག་སྐྱོང་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱེད་པ། བདེ་འཇགས་ཚད་གཞི་ཅན་གྱི་དོ་དམ་དང་བདག་སྐྱོང་ཚད་ལྡན་ཅན་གྱི་ལས་དོན་ཡག་པོ་སྒྲུབ་པ། བདག་སྐྱོང་གི་སྤུས་ནུས་ཆེ་རུ་གཏོང་བ། འཕྲལ་སྡོམ་དོ་དམ་ལ་ཤུགས་རྒྱག་པ། གཞུང་ལམ་ཞབས་ཞུ་ལེགས་སུ་གཏོང་བར་མུ་མཐུད་ཤུགས་རྒྱག་པ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་སྤུས་ཚད་མཐོ་བའི་འགྲོ་སྐྱོད་ཀྱི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་དགོས་པའི་སྐུལ་ལྕག་གནང་བ་རེད།
ཀརྨ་ཚེ་བརྟན་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་འབྲེལ་ཡོད་ཁྲུའུ་དང་ཁང་དུ་ཕེབས་ཏེ་ལས་བྱེད་པ་དང་ལས་བཟོ་དང་སྤེལ་རེས་གཏིང་ཟབ་གནང་ནས་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་བསྟན་དོན། འགྲིམ་འགྲུལ་སྐྱེལ་འདྲེན་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི“སྔོན་སྐྱོད་པ”རེད། མིག་སྔར་གཞི་ཚུགས་རྒྱུ་མཐའ་འཁྱོངས་ཀྱིས་དམིགས་ཚད་དམ་བཟུང་ལྷོད་མེད་དང་དོན་འཁྱོལ་དམ་འཛིན་ནན་པོར་ལྷོད་གཡེང་མི་བྱེད་པའི་སེམས་ཤུགས་བརྟན་པོར་བརྟེན་ནས། གསོག་འབོར་དང་འཕར་ཚད་ལེགས་སུ་གཏོང་བ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་རྣམ་གྲངས་དོན་ཐོག་ཏུ་ཏན་ཏིག་འཁྱོལ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཕུན་སུམ་ཚོགས་པོའི་ངང་མཇུག་བསྡུ་བའི་འགན་ལེན་བྱེད་དགོས། ཕུགས་ལ་དམིགས་རྒྱུ་མཐའ་འཁྱོངས་ཀྱིས་འགྲིམ་འགྲུལ་སྐྱེལ་འདྲེན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པའི་དཀའ་གནད་དང་འགག་གནད་སེལ་བར་དམིགས་པ་དང་། ཆད་སྐྱོན་སེལ་བ་དང་རྨང་གཞི་འདིང་བའི་ལས་དོན་མང་ཙམ་བསྒྲུབས་ཏེ། འཕེལ་རྒྱས་ཀྱི་མཉེན་ཆ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་གོ་སྐབས་དུས་བབས་དམ་འཛིན་གྱིས་རྒྱང་ལྟའི་རང་བཞིན་གྱི་བསམ་གཞིག་དང་། སྤྱི་ཡོངས་རང་བཞིན་གྱི་ཇུས་འགོད། འཐབ་ཇུས་རང་བཞིན་གྱི་བཀོད་ཇུས་བཅས་ལ་ཤུགས་རྒྱག་པ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཚན་རིག་དང་མཐུན་པའི་ངང་བཟོ་བ། འགྲིམ་འགྲུལ་ལས་གྲྭའི་གཙོ་གནད་རྣམ་གྲངས་ཇུས་འགོད་ཧུར་ཐག་བྱེད་པ། ཁག་གཅིག་སྐྲུན་པ་དང་། ཁག་གཅིག་ལས་འགོ་འཛུགས་པ། ཁག་གཅིག་གྲ་སྒྲིག་བྱེད་པ་བཅས་ཀྱི་འཁོར་རྒྱུག་གི་རྣམ་པ་བཟང་པོ་ཆགས་པ་བཅས་བྱས་ནས། འཕེལ་རྒྱས་ཀྱི་གཏིང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། དེང་རབས་ཅན་གྱི་ཕྱོགས་བསྡུས་ཀྱི་འགྲིམ་འགྲུལ་མ་ལག་མགྱོགས་མྱུར་བསྐྲུན་ནས། འགྲིམ་འགྲུལ་གྱི་རྨང་གཞིའི་འདེགས་སྐྱོར་ནུས་པ་ཡག་པོ་འདོན་པ་དང་། བོད་ནས་ཐོན་ས་དང་བོད་དུ་ཡོང་སའི་བགྲོད་ལམ་རིམ་སྤོར་སྤུས་སྤོར་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ། འགྲིམ་འགྲུལ་གྱི་འགག་གནད་ཤར་གཏོང་བྱེད་དགོས། རྒྱལ་ལམ་དང་ཞིང་ཆེན་ལམ་གྱི་བཅུར་འགག་ལམ་དུམ་འཛུགས་སྐྲུན་གཙོ་གནད་དུ་བཟུང་ནས་ས་ཁུལ་དང་གྲོང་ཁྱེར་ཕན་ཚུན་སྦྲེལ་མཐུད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། ས་ཁོངས་ལམ་དྲའི་གྲུབ་ཆ་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ“མཉམ་སྒྲུབ་འཁོར་འབྲེལ”བྱེད་ཤུགས་ཆེ་རུ་གཏོང་དགོས། “གྲོང་གསེབ་ཀྱི་གཞུང་ལམ་ཡག་པོ་བཞིའི”སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ནས། གྲོང་གསེབ་ཀྱི་གཞུང་ལམ་དྲ་བ་གཙོ་བོ་ཚད་རིམ་གཉིས་སྤར་ལ་སྐུལ་འདེད་བརྟན་པོ་གཏོང་བ་དང་། གྲོང་གསེབ་ཀྱི་གཞུང་ལམ་ཤར་གཏོང་ཐུབ་ཚད་དང་ཁྱབ་ཚད་མཐོ་རུ་གཏོང་བ། “འཁོར་རྒྱུག་ཆུང་ངུ”ཤར་གཏོང་བྱེད་པ། མི་དམངས་བློ་ཡིད་ཚིམ་པའི་འགྲིམ་འགྲུལ་གཞུང་ལམ་སྐྲུན་པ་བཅས་བྱས་ཏེ་བོད་ཀྱི་མི་རིགས་མཐུན་སྒྲིལ་གྱི་ལམ་བུ་དང་། ཤེས་དཔལ་ཡར་ཐོན་གྱི་ལམ་བུ། ཐུན་མོང་ཕྱུག་འགྱུར་གྱི་ལམ་བུ་བཅས་ཇེ་ཡངས་སུ་འགྲོ་བར་བྱེད་དགོས།