ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་དང་ཆུ་བེད་ཐིང་དུ་བརྟག་ཞིབ་གནང་བ།
ཚེས་20ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་དང་ཆུ་བེད་ཐིང་དུ་བརྟག་ཞིབ་གནང་བ་རེད།
མིག་སྔར། རང་ལྗོངས་འདི་ཉིད་འབྲུབ་ཆུ་རྒྱས་པའི་ནམ་དུས་གཙོ་བོར་སླེབས་ཡོད། རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་སུ་ཀརྨ་ཚེ་བརྟན་གྱིས་ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་གནམ་གཤིས་འགྱུར་ལྡོག་དང་གནམ་གཤིས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ལས་དོན་སྤེལ་ཚུལ་སོགས་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་གནམ་གཤིས་ལས་དོན་ནི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ལས་དོན་ཡག་པོ་སྒྲུབ་པའི་འགོག་སྲུང་དང་པོ་དེ་རེད། བརྒྱུད་རིམ་གྱི་ལྟ་བ་བརྟན་དུ་གཏོང་བ་དང་། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ་དང་སྡེ་ཚན་གྱི་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ། གྲངས་གཞི་མཉམ་སྤྱོད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ལས་ཀའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས། དྲིལ་བསྒྲགས་དང་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ་མང་ཚོགས་ཀྱིས་གོ་ཐུབ་པའི་སྐད་ཆ་མང་ཙམ་སྤྱད་དེ་སྔོན་ཚུད་ཉེན་བརྡའི་ཆ་འཕྲིན་དང་ཚན་རིག་ཁྱབ་གདལ་གྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ཤེས་བྱ་དུས་ཐོག་ཏུ་དྲིལ་བསྒྲཌ་ཀྱིས་ཁྱབ་རྒྱ་ཆེ་རུ་དང་གནད་ལ་འཁེལ་ཚད་མཐོ་རུ་བཏང་ནས་མང་ཚོགས་ཀྱི་གནོད་འཚེའི་འགོག་སྲུང་གི་འདུ་ཤེས་དང་གནོད་འཚེ་ལས་གཡོལ་ནས་རང་སྐྱོབ་དང་སྐྱོབ་རེས་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད། རང་སྐྱོང་ལྗོངས་ཆུ་དཔྱད་དང་ཆུའི་ཐོན་ཁུངས་རྩད་ཞིབ་ཅུས་སུ་ཀརྨ་ཚེ་བརྟན་གྱིས་ས་གནས་ས་ཐོག་ཏུ་ཆུ་དཔྱད་ལྟ་ཞིབ་ཚད་ལེན་གནས་ཚུལ་མཁྱེན་རྟོགས་གནང་བ་དང་ལྗོངས་ཡོངས་ཀྱི་འབྲུབ་འགོག་ལས་དོན་གྱི་སྙན་སེང་གསན་ཞིང་། ཁོང་གིས། འགན་འཁྲི་ནན་དུ་བཏང་ནས་གཙོ་གནད་ཆུ་བོ་དང་ཆུ་མཛོད་སོགས་ལ་དོ་སྣང་ཡག་པོ་བྱས་ཏེ་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་པར་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། སྔོན་ཚུད་ཉེན་བརྡའི་ལས་ཕྱོད་ཆེ་རུ་དང་ཞིབ་ཚགས་སུ་གཏོང་བ་དང་སྔོན་ཇུས་ཀྱི་དམིགས་སའི་རང་བཞིན་དང་གོ་ཆོད་རང་བཞིན་ཆེ་རུ་བཏང་ནས་ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
རང་སྐྱོང་ལྗོངས་ཆུ་བེད་ཐིང་དུ་ཀརྨ་ཚེ་བརྟན་གྱིས་འབྲེལ་ཡོད་ཁྲུའུ་དང་ཁང་གི་ལས་བྱེད་ལས་བཟོ་དང་སྤེལ་རེས་གཏིང་ཟབ་གནང་ནས་ལྗོངས་ཡོངས་ཀྱི་ཆུའི་ཐོན་ཁུངས་དོ་དམ་དང་། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་སོགས་ཀྱི་ལས་ཀའི་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས། འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་ཆུ་བེད་ལ་རྨང་གཞིའི་རང་བཞིན་དང་། འཐབ་ཇུས་རང་བཞིན། སྣེ་ཁྲིད་རང་བཞིན་བཅས་ཀྱི་ནུས་པ་ལྡན་ཡོད། འཆར་འགོད་སྣེ་ཁྲིད་མཐའ་འཁྱོངས་བྱས་ཏེ་ཆུའི་གནོད་འཚེ་འགོག་བཅོས་དང་། ཆུའི་ཐོན་ཁུངས་གྲོན་ཆུང་། ཆུའི་སྐྱེ་ཁམས་སྲུང་སྐྱོང་སླར་གསོ། ཆུའི་ཁོར་ཡུག་བཅོས་སྐྱོང་བཅས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་གཏན་འཁེལ་བྱས་པའི་འཆར་འགོད་ལས་འགན་ལེགས་གྲུབ་བྱས་ནས“ལོ་ལྔ་ཚན་བཅུ་བཞི་པའི”མཇུག་ཡག་པོ་བསྡུ་ཐུབ་པའི་འགན་ལེན་བྱེད་དགོས། བོད་ཀྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ཁྲོད་རང་རྟོགས་ངང་བཞག་ནས་བསམ་གཞིག་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཡག་པོ་བྱས་ཏེ་རང་ལྗོངས་ཀྱི་ཆུའི་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་སྒྱུར་བར་སྐུལ་འདེད་ཧུར་ཐག་གཏོང་དགོས། དམངས་འཚོ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ལ་དམིགས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་དང་ལྷག་པར་དུ་མཐོ་གྲང་དང་ས་བབ་མཐོ་བའི་ས་ཁུལ་གྱི་ཞིང་འབྲོག་མང་ཚོགས་ཀྱི་ཆུའི་བདེ་འཇགས་འགན་སྲུང་ཚད་གཞི་དང་། འགན་སྲུང་ནུས་པ། འགན་སྲུང་སྤུས་ཚད་བཅས་རྒྱུན་མཐུད་མཐོ་རུ་བཏང་སྟེ། དམངས་འཚོའི་མཐའ་ཚད་དམ་འཛིན་དང་། གནད་འཕིགས། བརྟན་པོ་བཅས་ཡོང་བར་བྱེད་དགོས་ཞེས་གསུངས་པ་རེད།