དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་2025ལོའི་བྱ་གཞག་ཚན་པར་མཐོ་སློབ་སློབ་ཐོན་སློབ་མ་ཡོངས་བསྒྲགས་ངང་བསྡུ་བའི་ཡིག་རྒྱུགས་ལས་དོན་ལ་སྐོར་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-23

     ཉིན་ཤས་གོང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བསྟན་པ་ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པ་དང་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་དུ་ཕེབས་ནས་བོད་རང་སྐྱོང་ལྗོངས་ཀྱི་2025ལོའི་བྱ་གཞག་ཚན་པར་མཐོ་སློབ་སློབ་ཐོན་སློབ་མ་ཡོངས་བསྒྲགས་ངང་བསྡུ་བའི་ཡིག་རྒྱུགས་ལས་དོན་ལ་སྐོར་ཞིབ་གནང་ཞིང་། རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་དང་། མི་སྤྱི་ཐིང་། ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་བཅས་ཞུགས་པ་རེད།

    བསྟན་པས་ཡིག་རྒྱུགས་གཏོང་སར་ཕེབས་ནས་རྒྱུགས་དོན་སྒྲིག་འཛུགས་དང་། རྒྱུགས་རའི་དོ་དམ། འཕྲལ་སྡོམ་འགན་སྲུང་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། ཡོངས་བསྒྲགས་ངང་ལས་མི་བསྡུ་བ་ནི་ཤེས་ལྡན་པ་འདེམས་སྒྲུག་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་པས། རིམ་ཁག་འབྲེལ་ཡོད་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་བ། རྒྱུགས་སྤྲོད་སློབ་མར་ཚད་མཐོའི་འགན་འཁུར་བ་བཅས་ཀྱི་ཐོག་ནས་ད་ཐེངས་ཀྱི་རྒྱུགས་ལེན་ལས་དོན་སྒྲིག་འཛུགས་དང་བཀོད་སྒྲིག་ཞིབ་ཚགས་བྱེད་དགོས། རྒྱུགས་སྤྲོད་ཀྱི་སྤྱོད་ཚུལ་དང་སྒྲིག་ཁྲིམས་ནན་ཏུ་གཏོང་བ་དང་། རྒྱུགས་སྤྲོད་སློབ་མར་ཞབས་འདེགས་ཞུ་ཤུགས་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱུགས་རའི་སྒྲིག་ལམ་ལ་སྲུང་སྐྱོང་ཡག་པོ་བྱེད་པ་བཅས་བྱས་ཏེ་རྒྱུགས་སྤྲོད་བདེ་བླག་དང་གོ་རིམ་ལྡན་པ་དང་། དྲང་གཞག་དྲང་བདེན་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས། ཆ་འཕྲིན་བློ་འདྲི་དང་སྨན་བཅོས་འཕྲོད་བསྟེན་སོགས་ཀྱི་ཞབས་ཞུའི་འགན་སྲུང་ལས་དོན་ཏན་ཏིག་བསྒྲུབས་ནས་རྒྱུགས་སྤྲོད་ཀྱི་ཁོར་ཡུག་བཟང་པོ་ཧུར་ཐག་བསྐྲུན་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།