ཝང་ཅུན་ཀྲེང་གིས་གཞིས་རྩེའི་དིང་རི་དང་ལྷ་རྩེར་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ལ་བརྟག་ཞིབ་གནང་བ།
ཟླ་6ཚེས་18ཉིན་དང་ཚེས་20ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གཞིས་རྩེའི་དིང་རི་དང་ལྷ་རྩེར་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ལ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་དིང་རི་རྫོང་གྲམ་མཚོ་ཤང་ཟིང་དཀར་གྲོང་ཚོར་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་འཕེལ་རིམ་སྐོར་གྱི་ངོ་སྤྲོད་གསན་བཞིན་པ།
● མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་ཀྱིས་སྒྲིག་འཛུགས་ཞིབ་ཚགས་དང་ཚན་རིག་དང་མཐུན་པའི་ལག་བསྟར་བྱས་ནས་གེགས་ཁུལ་མང་ཚོགས་སྔ་ཙམ་ཁང་པ་གསར་པར་སྤོ་ཐུབ་པར་བྱས་ཏེ་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་གསར་པ་ཧུར་ཐག་སྐྲུན་དགོས།
ཟླ་6ཚེས་18ཉིན་དང་ཚེས་20ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གཞིས་རྩེའི་དིང་རི་དང་ལྷ་རྩེར་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ལ་བརྟག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས། སྒྲིག་འཛུགས་ཞིབ་ཚགས་དང་ཚན་རིག་དང་མཐུན་པའི་ལག་བསྟར་བཅས་བྱས་ནས། གེགས་ཁུལ་མང་ཚོགས་སྔ་ཙམ་ཁང་པ་གསར་པར་སྤོ་ཐུབ་པར་བྱས་ཏེ་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་གསར་པ་ཧུར་ཐག་སྐྲུན་དགོས་པའི་ནན་བཤད་གནང་བ་རེད།
འདི་ལོའི་ཟླ་བ་དང་པོའི་ཚེས་7ཉིན། དིང་རིར་ས་ཡོམ་རིམ་པ་6.8བརྒྱབ་ནས། ཁང་པ་མང་པོ་བརྡིབས་པའམ་ཡང་ན་གཏོར་སྐྱོན་ཤོར་ཏེ་མི་སེར་གྱི་འཚོ་བར་ཚད་གཞི་མི་འདྲ་བའི་ཤུགས་རྐྱེན་ཐེབས་ཡོད། ཟླ་བ་ལྔ་ལྷག་ཙམ་སོང་རྗེས། སླར་གསོ་བསྐྱར་སྐྲུན་ལས་དོན་གྱི་འཕེལ་རིམ་གང་འདྲ་ཡོད་མིན་དང་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཚོ་བར་འགན་སྲུང་ཇི་འདྲ་ཐུབ་མིན་སོགས་ཀྱི་ཐད་ཝང་ཅུན་ཀྲེང་གིས་ཐུགས་ཁྲལ་ཆེན་པོ་གནང་གི་ཡོད།
མིག་སྔ་ནི་རྣམ་གྲངས་འཛུགས་སྐྲུན་གྱི་ནམ་དུས་ཡག་ཤོས་ཡིན་ལ། གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལ་སྤྱི་ཡོངས་ནས་སྐུལ་འདེད་དང་གཅིག་སྡུད་འགག་སྒྲོལ་བྱེད་པའི་འགག་རྩའི་དུས་སྐབས་ཤིག་ཀྱང་རེད། དིང་རི་རྫོང་གྲམ་མཚོ་ཤང་ཟིང་དཀར་གྲོང་ཚོ་དང་ལྷ་རྩེ་རྫོང་གཞིས་ཆེན་ཤང་ཤར་ལ་སུག་གྲོང་ཚོར་འཕྲུལ་ཆས་ཀྱི་སྒྲ་ལྡིར་ལྡིར་དུ་གྲགས་པ་དང་། ཨར་སྐྲུན་རླངས་འཁོར་ཕར་འགྲོ་ཚུར་འོང་གི་ལས་ལ་བྲེལ། ལས་རིགས་ཁག་དབར་མཐུན་སྦྱོར་དམ་ཟབ་ཀྱིས་ཨར་སྐྲུན་བྱེད་པ་སོགས་གང་སར་གོ་རིམ་ལྡན་ལ་བྲེལ་བརྩོན་ཆེ་བའི་རྣམ་པས་ཁེངས་ཡོད། ཝང་ཅུན་ཀྲེང་ཨར་སྐྲུན་ལས་ཡུལ་དུ་ཕེབས་ཏེ་ལས་དོན་སྤེལ་ཚུལ་ལ་གཟིགས་པ་མ་ཟད། ལས་དོན་ཁག་གི་འཕེལ་རིམ་མགྱོགས་པ་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པར་གདེང་འཇོག་བཟང་པོ་གནང་བ་རེད།
གྲམ་མཚོ་ཤང་ཟིང་དཀར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་པ་སངས་དང་དིང་རི་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་རིམ་པ་གཉིས་པའི་ལས་རོགས་ཉེན་རྟོག་པ་ལྷུན་གྲུབ་གཟིགས་སྐབས་ཝང་ཅུན་ཀྲེང་གིས་ཁོང་གཉིས་ལ་ཕྱག་བཏང་ནས“ཁྱེད་ཚོ་དཀའ་ལས་ཁག་སོང”ཞེས་འཚམས་འདྲི་གནང་། ཁོང་གིས། ཁྱེད་ཚོས་ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་བསྐྱངས་ཏེ་ཡོམ་འགོག་གེགས་སེལ་དང་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་ཁྲོད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་པས། ངས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་ཁྱེད་ཚོར་འཚམས་འདྲི་ཞུ་རྒྱུ་དང་ཁྱེད་ཚོ་བརྒྱུད་གནོད་འཚེ་ཕོག་པའི་མང་ཚོགས་ཚོར་འཚམས་འདྲིའང་ཞུ་རྒྱུཡིན། ཁྱེད་ཚོས་གཟུགས་པོར་བདག་གཅེས་དང་ལས་ཀ་ཧུར་ཐག་བྱས་ནས་མི་སེར་ཚོའི་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
བརྟག་ཞིབ་གནང་སྐབས་ཝང་ཅུན་ཀྲེང་གིས། ས་ཡོམ་བརྒྱབ་རྗེས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཚད་མཐོའི་མཐོང་ཆེན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་སྟེ་ཡོམ་འགོག་གེགས་སེལ་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་གནང་བ་དེས་ང་ཚོས་ཡོམ་འགོག་གེགས་སེལ་དང་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད་ཅེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་ལ་སྤུས་ཚད་མཐོ་བ་དང་། ཚད་གཞི་མཐོ་བ། ལས་ཕྱོད་ཆེ་བ་བཅས་ཀྱི་སྒོ་ནས་སྐུལ་འདེད་གཏོང་བར་འགན་འཁྲི་ལྕི་ལ་དོན་སྙིང་གཏིང་ཟབ་ལྡན་ཡོད། དིང་རིའི་ས་ཡོམ་གེགས་ཁུལ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་། ཁོངས་ཞུགས་ཚན་པ་ཁག གཞིས་རྩེ་གྲོང་ཁྱེར་བཅས་ཀྱིས་སྤུས་ཚད་ཨང་དང་པོར་བཞག་སྟེ། མི་དམངས་དང་ལོ་རྒྱུས་ལ་འགན་འཁུར་བའི་མཐོ་ཚད་ནས་སྤུས་ཚད་ཨང་དང་པོར་འཛིན་པའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། བརྒྱུད་རིམ་ཧྲིལ་པོར་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་སྟེ། རྣམ་གྲངས་དེ་ལག་ལེན་དང་ལོ་རྒྱུས་ཀྱི་ཞིབ་དཔྱད་ཐེག་ཐུབ་པའི་བློ་བདེ་བའི་ལས་གྲྭ་དང་དམངས་སེམས་ཀྱི་ལས་གྲྭ་ཞིག་ཏུ་སྐྲུན་དགོས། མྱུར་ཚད་ལ་དམ་འཛིན་གྱིས་དམིགས་ཚད་མི་འགྱུར་བ་དང་། ཤུགས་ཚད་ཆུང་དུ་མི་གཏོང་བ། སྤེལ་མཚམས་མི་འཇོག་པ་བཅས་མཐའ་འཁྱོངས་བྱས་ནས། ནུས་ཤུགས་ཡོད་རྒུས་ཨར་ལས་སྒྲིག་འཛུགས་ལེགས་སུ་དང་ལས་ཡུལ་དངོས་ཀྱི་དོ་དམ་ཚད་ལྡན་དུ་གཏོང་བ། ལས་ཡུན་ལྡོག་སྒྲིག་བྱེད་པ། འཆར་གཞི་ལྟར་ལས་ཀ་སྒྲུབ་པ་བཅས་བྱས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་བདེ་འཇགས་དང་སྐྱིད་སྣང་དོད་པའི་ཁང་པ་གསར་པར་སྔ་ཙམ་སྤོ་ཐུབ་པ་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་ནས། སླར་གསོ་བསྐྱར་སྐྲུན་དང་ཐོན་སྐྱེད་འཕེལ་རྒྱས་དང་། སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན། མཐའ་སྲུང་མཐའ་བརྟན་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས། གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་བརྒྱུད་རིམ་དེ་གྲུབ་ཆ་ལེགས་སྒྲིག་དང་ལེགས་སུ་གཏོང་བ་དང་། འཕེལ་རྒྱས་ཀྱི་ཆ་རྐྱེན་ལེགས་སུ་གཏོང་བ། འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་བ། མཐའ་མཚམས་དེ་བས་བརྟན་ལྷིང་དར་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བརྒྱུད་རིམ་ཞིག་ཏུ་འགྱུར་བར་བྱེད་པ། མི་དམངས་མང་ཚོགས་ཀྱིས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཧུར་ཐག་ཐུབ་པ་བཅས་བྱས་ཏེ་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།