དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཡན་ཅིན་ཧའེ་ཡིས་ཉིང་ཁྲི་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-23

     ཚེས་19ཉིན་ནས་ཚེས་21ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་ཉིང་ཁྲི་གྲོང་ཁྱེར་གྱི་ཀོང་པོ་རྒྱ་མདའ་རྫོང་དང་། བྲག་ཡིབ་ཆུས། སྨན་གླིང་གྲོང་ཁྱེར་སོགས་སུ་ཕེབས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པ་དང་། གྲོང་གསེབ་དར་རྒྱས་གཏོང་བ། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་བཅོས་སྒྲིག་བྱེད་པ་སོགས་ལ་དམིགས་ནས་བརྟག་ཞིབ་གནང་བ་རེད།

    ཀོང་པོ་རྒྱ་མདའ་རྫོང་རྒྱ་མདའ་ཤང་ཐའེ་ཀྲའོ་གྲོང་ཚོ་སོགས་སུ་ཡན་ཅིན་ཧའེ་ཡིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ཆེད་དོན་འགྲེམས་ཁང་དུ་གཟིགས་སྐོར་གནང་སྟེ། ས་གནས་དེ་གའི་གསར་བརྗེའི་ལོ་རྒྱུས་དང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་གཏམ་རྒྱུད་ཤེས་རྟོགས་གནང་བ་དང་། བྲག་ཡིབ་ཆུས་སུ་སློབ་གྲྭ་དང་། ཤང་འཕྲོད་བསྟེན་ཁང་། དགོན་པ་སོགས་སུ་ཕེབས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་བརྟག་ཞིབ་གནང་བ་དང་། དགོན་པའི“འདུ་ཤེས་གསུམ”གྱི་སློབ་གསོ་སྤེལ་ཚུལ་སྐོར་གྱི་ངོ་སྤྲོད་གསན་པ་མ་ཟད། ཆོས་ལུགས་ལས་རིགས་མི་སྣར་ཏང་གི་ཆོས་ལུགས་ལས་དོན་སྐོར་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། རང་རྟོགས་ངང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་ལག་ལེན་པ་དང་། སྐུལ་འདེད་པ། སྲུང་སྐྱོང་བ་བཅས་བྱེད་དགོས་པའི་སྐུལ་ལྕག་ཀྱང་གནང་བ། སྨན་གླིང་གྲོང་ཁྱེར་གནས་ཡུལ་ལྷོ་པ་མི་རིགས་ཤང་ཚལ་ཁྲོབ་གྲོང་ཚོ་དང་ཆབ་ནག་གྲོང་རྡལ་ཤེལ་དཀར་མོན་པ་གྲོང་ཚོའི་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་ཕེབས་ནས་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་། གཞི་རིམ་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་མྱོང་ཚོར་དང་འཕེལ་རྒྱས་སྐོར་གླེང་བ་མ་ཟད། ཚང་མར་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས་པའི་སྐུལ་ལྕག་ཀྱང་གནང་བ་རེད། ཡན་ཅིན་ཧའེ་ཡིས་མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་རེད།

    ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ་དེ་ལས་ཀའི་གཙོ་གནད་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། མི་རིགས་ཁག་གི་མི་དམངས་ལ་སྐྱིད་སྡུག་མཉམ་མྱོང་དང་། གཟི་ཁྲེལ་མཉམ་མྱོང་། མཉམ་ཤི་མཉམ་གསོན། ལས་དབང་གཅིག་མཐུན་བཅས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་ཁྲིད་སྟོན་བྱེད་པ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ལ་ཤུགས་སྣོན་རྒྱག་པ། མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཡག་པོ་ཤོད་པ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་ཡག་པོ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    གཞི་རིམ་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་ཁག་དང“མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ”དུ་ཡན་ཅིན་ཧའེ་ཡིས་སྡེ་ཚན་བཅའ་སྡོད་དང་། ལས་དོན་སྒྲུབ་རིམ། འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་སོགས་ཀྱི་ལས་དོན་སྐོར་བཀའ་འདྲི་ཞིབ་ཕྲ་གནང་བ་མ་ཟད། གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འགན་སྒྲུབ་གནས་ཚུལ་ཤེས་རྟོགས་ཀྱང་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་སྨན་གླིང་ཉི་མ་དམར་པོ་ཚན་རྩལ་དཔེ་སྟོན་ཁྱིམ་ཚང་ཞིང་རར་ཕེབས་ནས་ཀོ་ཤ་དཀར་པོ་དང་ར་མོ་ཤག་ཆེན་སོགས་བོད་ཀྱི་སྨན་རྩྭ་འདེབས་འཛུགས་དང་ཕྱིར་ཚོང་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གསན་པ་དང་། སྨན་གླིང་གྲོང་ཁྱེར་སྨན་གླིང་གྲོང་རྡལ་བམ་གྲོང་གྲོང་ཚོ་སོགས་སུ་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་བཅོས་སྒྲིག་གི་ལས་དོན་སྤེལ་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།