དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་དུ་བརྟག་ཞིབ་གནང་བ་དང་འབྲེལ་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བཟོ་བའི་ལས་དོན་གྱི་སྙན་སེང་གསན་པ།

    ཀརྨ་ཚེ་བརྟན་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-19

    ཟླ་6ཚེས་17ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་དུ་བརྟག་ཞིབ་གནང་བ་དང་འབྲེལ། རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བཟོ་བའི་ལས་དོན་སྙན་སེང་གསན་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བཟོ་བའི་འབྲེལ་ཡོད་ལས་དོན་གྱི་སྙན་སེང་གསན་བཞིན་པ།

     ཟླ་6ཚེས་17ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་དུ་བརྟག་ཞིབ་གནང་བ་དང་འབྲེལ། རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བཟོ་བའི་ལས་དོན་གྱི་སྙན་སེང་གསན་སྐབས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཚན་རིག་དང་མཐུན་པའི་ངང་བཟོ་འགོད་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་ཆེད་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཀརྨ་ཚེ་བརྟན་དང་། རེན་ཝེ། ཀུང་ཧུའེ་ཚའེ། བསྟན་ཁོ། མོང་ཞའོ་ལིན་བཅས་ཞུགས་པ་རེད།

    ཝང་ཅུན་ཀྲེང་འཕེལ་རྒྱས་འཐབ་ཇུས་དང་འཆར་འགོད་ཁྲུའུ་དང་གཏན་འཇགས་རྒྱུ་ནོར་མ་འཇོག་ཁྲུའུ་ལ་སྔ་རྗེས་སུ་ཕེབས་ནས་ལས་བྱེད་ལས་བཟོ་དང་བྱམས་བརྩེའི་བཀའ་མོལ་གནང་སྟེ། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བཟོ་འགོད་དང་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་ལས་དོན་སྤེལ་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། ཚང་མར་ཉམས་མྱོང་དང་བྱེད་སྟངས་ཕྱོགས་སྡོམ་བྱེད་པ་དང་། ལས་ཀའི་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་གཏོང་བ། འདུ་ཤེས་གསར་བརྗེ་དང་སྒྱུར་བཅོས་གསར་གཏོད་བྱེད་པ། འཆར་འགོད་ཀྱི་གཞི་ཆེའི་རང་བཞིན་དང་མཛུབ་ཁྲིད་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་ལག་བསྟར་གྱི་ཚན་རིག་རང་བཞིན་དང་གནད་སྨིན་རང་བཞིན་འབུར་དུ་ཐོན་པར་བྱེད་དགོས། རྒྱལ་ཡོངས་ཀྱི་སྤྱི་ཡོངས་ཁྲོད་དེ་བས་རང་འགུལ་ངང་མཉམ་འདྲེས་དང་ཞབས་འདེགས་ཧུར་ཐག་ཞུས་ནས། དུས་བབ་ཀྱི་འགྱུར་ལྡོག་དང་བསྟུན་པ་དང་། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་འཐབ་ཇུས་གལ་ཆེན་དང་། སྲིད་ཇུས་གལ་ཆེན། རྣམ་གྲངས་གལ་ཆེན་བཅས་ལ་དམིགས་ཏེ། བསམ་ཕྱོགས་དང་བྱེད་ཐབས་ཇུས་འགོད་ཞིབ་ཚགས་བྱས་ནས་ལས་འགན་ཁག་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས་པའི་ལྕག་སྐུལ་གནང་བ་རེད།

    བརྟག་ཞིབ་གནང་རིང་། ཝང་ཅུན་ཀྲེང་གིས་རང་ལྗོངས་ཀྱི་འཆར་འགོད་བཟོ་འགོད་ཀྱི་འབྲེལ་ཡོད་ལས་དོན་སྤེལ་ཚུལ་གྱི་སྙན་སེང་གསན་ཞིང་། ཁོང་གིས“ལོ་ལྔ་ཚན་བཅོ་ལྔ་པའི”དུས་སྐབས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་གོང་མཐུད་འོག་འདྲེན་གྱི་འགག་རྩའི་དུས་སྐབས་ཡིན་ལ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགག་རྩའི་དུས་སྐབས་ཀྱང་ཡིན་པས། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཡག་པོ་བཟོ་བར་དོན་སྙིང་གལ་ཆེན་ལྡན་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་དང་གོ་བ་ལེན་པ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བཟོ་འགོད་ཀྱི་ལས་དོན་སྐོར་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བྱེད་པ་དང་། ཉམས་མྱོང་ཕྱོགས་སྡོམ་དང་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ། འདུ་ཤེས་བསྒྱུར་བ་དང་དངོས་ཐོག་བདེན་འཚོལ་བྱེད་པ། གདེང་ཚོད་དང་ཆོད་སེམས་བརྟན་དུ་གཏོང་བ། “བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞི་དོན་འཁྱོལ་ལ་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བ། “ལོ་ལྔ་ཚན་བཅོ་ལྔ་པའི”དུས་སྐབས་ཀྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚན་རིག་དང་མཐུན་པའི་ངང་འཆར་འགོད་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་དགོས་ཞེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། གོ་སྐབས་དམ་འཛིན་དང་མགྱོགས་མྱུར་འཕེལ་རྒྱས་བཏང་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བཟོ་འགོད་ལས་དོན་ཡག་པོ་སྒྲུབ་དགོས་ཤིང་། དུས་བབ་ལ་ཚན་རིག་དང་མཐུན་པའི་ངང་བརྡར་གཅོད་ཀྱིས་བོད་ཀྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ཁྲོད་རང་རྟོགས་ངང་བཞག་ནས་བསམ་གཞིག་དང་། འཆར་འགོད། སྐུལ་འདེད་བཅས་བྱས་ཏེ། སེམས་ཁྲལ་གྱི་འདུ་ཤེས་དང་། འགན་འཁྲིའི་འདུ་ཤེས། རྒྱང་ལྟའི་འདུ་ཤེས་བཅས་སྔར་བས་ཆེ་རུ་གཏོང་བ་དང་། འགལ་ཟླ་གཙོ་བོ་དང་འགལ་ཟླའི་ཕྱོགས་གཙོ་བོར་དམ་འཛིན་བྱེད་པ། ཉེ་རིང་ཟུང་འབྲེལ་དང་། ལུགས་མཐུན་འོས་འཚམ། དོ་སྙོམ་བཀོད་སྒྲིག་བཅས་མཐའ་འཁྱོངས་བྱེད་པ། བརྒྱུད་རིམ་རང་བཞིན་དང་། མཚོན་བྱེད་རང་བཞིན། ཚད་ལེན་རང་བཞིན་བཅས་ལ་ལྟ་རྟོག་བྱེད་པ། མི་སེམས་ལ་སྐུལ་མ་ཐེབས་ལ་ལག་ལེན་དུ་འཁྱོལ་ཐུབ་པའི་དམིགས་ཚད་འདོན་པ་བཅས་བྱས་ཏེ་གང་ཐུབ་ཅི་ཐུབ་དང་ནུས་པས་ལྕོགས་ཚོད་ཀྱིས་སྒྲུབ་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་འཆར་འགོད་བཟོ་འགོད་ལས་དོན་གྱི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཤིང་། བརྟག་ཞིབ་གཏིང་ཟབ་བྱས་ཏེ་འཆར་འགོད་ནང་བཏོན་པའི་དམིགས་ཚད་ཚན་རིག་དང་མཐུན་ལ་ལས་འགན་ལུགས་དང་མཐུན་པའི་འགན་ལེན་བྱེད་དགོས། བློ་འདུས་དགེ་འཚོལ་མཐའ་འཁྱོངས་ཀྱིས་རྩེ་རིམ་ཇུས་འགོད་དང་ཐབས་ཇུས་དམངས་ལ་འདྲི་བ་གཅིག་གྱུར་བྱས་ནས་བརྟག་ཞིབ་དང་རིགས་པས་ཁུངས་སྐྱེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐུན་མོང་གི་ངོས་འཛིན་གཅིག་སྡུད་རྒྱ་ཁྱབ་བྱེད་པ། བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་མི་དམངས་མང་ཚོགས་དང་སྤྱི་ཚོགས་ལས་རིགས་ཁག་གི་བསམ་འཆར་དང་གྲོས་འགོ་ཉན་པ་བཅས་བྱས་ནས་ཚན་རིག་དང་མཐུན་པའི་ངང་ཐབས་ཇུས་འགོད་པ་དང་།  དམངས་གཙོའི་ཐོག་ནས་ཐབས་ཇུས་འགོད་པ། ཁྲིམས་ལྟར་ཐབས་ཇུས་འགོད་པ་བཅས་བྱེད་དགོས། ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དངོས་འཛིན་དངོས་སྒྲུབ་ཏན་ཏིག་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོམ་སྟབས་བརྟན་པོ་སྤོ་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།