དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀརྨ་ཚེ་བརྟན།
  • ཀརྨ་ཚེ་བརྟན་གྱིས་ལྗོངས་ཡོངས་ཀྱི་ཞིང་འབྲོག་པའི་འབབ་འཕར་ལས་དོན་གྱི་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-18

    ཚེས་16ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་ལྗོངས་ཡོངས་ཀྱི་ཞིང་འབྲོག་པའི་འབབ་འཕར་ལས་དོན་གྱི་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    བསྟན་པ་དང་ཚེ་རིང་ཕུན་ཚོགས་ཚོགས་འདུར་ཕེབས་པ་རེད།

    ཀརྨ་ཚེ་བརྟན་གྱིས་བསྟན་དོན། ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་བ་ནི“ཞིང་གསུམ”ལས་དོན་གྱི་ལས་འགན་གཙོ་བོ་ཡིན་པས། “ཞིང་གསུམ”ལ་བཅངས་པའི་བརྩེ་སེམས་ཟབ་ཏུ་བཏང་ནས་ཞིང་འབྲོག་པའི་འབབ་འཕར་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་བཏང་ཐོག ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བླང་བྱ་གཞིར་བཟུང་། འབབ་འཕར་གྱི་དུས་བབ་ལ་ཚན་རིག་དང་མཐུན་པར་ཞིབ་འཇུག་བརྡར་གཅོད་དང་འགག་སྒྲོལ་བྱེད་ཐབས་དོན་འཁྱོལ་ལ་སྐུལ་འདེད་བཏང་ནས། ལོ་འཁོར་གྱི་དམིགས་ཚད་དང་ལས་འགན་སྤུས་ཚད་མཐོ་པོས་ལེགས་སྒྲུབ་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས“གཏན་འཁེལ་གཉིས”ལ་མཐའ་གཅིག་ཏུ་བརྩི་སྲུང་དང་།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས།

    ཀརྨ་ཚེ་བརྟན་གྱིས་ནན་བཤད་གནང་དོན། བསམ་བློའི་ངོས་འཛིན་ཟབ་ཏུ་གཏོང་བ་དང་། ཡིད་ཆེས་དང་ཆོད་སེམས་བརྟན་དུ་བཏང་ཐོག་ཞིང་འབྲོག་པའི་འབབ་འཕར་ལས་དོན་གྱི་ལོ་འཁོར་གྱི་དམིགས་ཚད་དང་ལས་འགན་ལེགས་སྒྲུབ་བྱེད་པའི་ཐད་ཀྱི་དཀའ་ངལ་དང་མཐུན་རྐྱེན་ལ་རྩོད་སྒྲུབ་ཀྱི་ལྟ་སྟངས་འཛིན་དགོས་པ་དང་། གྲངས་འབོར་ལུགས་མཐུན་འཕར་བ་དང་གྲུབ་ཆ་རྒྱུན་མཐུད་ལེགས་སུ་ཕྱིན་པ་གཉིས་སྤྱི་འདོམས་བྱས་ཐོག་འབད་འཐབ་ཀྱི་ངར་ཤུགས་དང་དངོས་སྒྲུབ་ཀྱི་བྱེད་ཐབས་ལ་བརྟེན་ནས་གཅིག་སྡུད་ཐོག་འགག་སྒྲོལ་དཀའ་སེལ་བྱེད་པ་དང་། ཐབས་ལམ་མང་པོ་སྤྱད་ནས་གཉེར་སྐྱོང་རང་བཞིན་དང་། གླ་ཕོགས་རང་བཞིན། རྒྱུ་ནོར་རང་བཞིན། སྤོ་སྒྱུར་རང་བཞིན་བཅས་ཀྱི་ཡོང་འབབ་མང་དུ་བཏང་སྟེ། ཞིང་འབྲོག་པའི་ཡོང་འབབ་རྒྱུན་མཐུད་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་ལས་དོན་དང་སྦྲེལ་མཐུད་ནུས་ལྡན་བྱེད་པར་དམིགས་ནས། གསོག་འབོར་སྲིད་ཇུས་བེད་སྤྱོད་ཡག་པོ་དང་འཕར་འབོར་སྲིད་ཇུས་ལ་ཞིབ་འཇུག་བྱེད་པ་དང་། ཀྲུང་དབྱང་གིས་གནང་བའི་དམིགས་བསལ་སྲིད་ཇུས་བེད་སྤྱོད་གང་ལེགས་བྱེད་པ། དབུལ་ལོག་དབུལ་འགྱུར་སྔོན་འགོག་ལ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་རྒྱས་ཞིང་སྐྱོང་ཞིང་ཕྱུག་གསུམ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཐོག་གཙོ་གནད་ས་ཁུལ་དང་། དམིགས་བསལ་ཚོགས་སྤྱི་དང་དེ་བཞིན་གེགས་རྗེས་བསྐྱར་སྐྲུན་ཁུལ་བཅས་ཀྱི་ཞིང་འབྲོག་པའི་འབབ་འཕར་གྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་དབུལ་འགྱུར་མི་ཐོན་པའི་མཐའ་ཚད་ཡུན་རིང་བརྟན་པོར་སྲུང་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་རྒྱག་པ་དང་། ལས་འགན་ཞིབ་ཕྲ་བཟོ་བ། འགན་འཁྲི་ཕྱོགས་ཡོངས་ནས་ནན་དཀྲིས། སྤྱི་འདོམས་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཐོག“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱས་ཏེ། “འཕྲལ་མར་སྒྲུབ་པ་དང་དངོས་འཛིན་དངོས་སྒྲུབ་བྱེད་པ”འབབ་འཕར་དེ་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་གྱི་བྱེད་པའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་ཅིའི་ཐད་ཁྱབ་པར་བྱས་ནས། ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྙིང་རུས་ཆེན་པོས་དོན་འཁྱོལ་གྱིས་བརྟག་ཞིབ་ལས་དོན་ཆེས་ཆེར་སྤེལ་ཏེ་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་། དམངས་ཀྱི་སྐད་ཆ་ཉན་པ། དམངས་ཀྱི་དཀའ་ངལ་སེལ་བ་བཅས་བྱེད་པ་དང་། “ཞིང་གསུམ”ཁྱབ་ཁོངས་ཀྱི་འགག་ས་དང་། གནད་ས། དཀའ་གནད་བཅས་དང་ཞིང་འབྲོག་པའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཐག་གཅོད་བྱེད་པ། མང་ཚོགས་ཉེ་འཁོར་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་མུ་མཐུད་བཅོས་སྒྲིག་བྱེད་པ། གཞི་རིམ་གྱི་ཁུར་པོ་ཡང་གཏོང་གི་ལས་དོན་གཏིང་ཟབ་སྤེལ་བ་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།