ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ལྗོངས་ཏང་ཨུད་ཀྱི་ལས་དོན་ཆེད་དོན་ཚན་ཁག་གི་ཚོགས་འདུ་འཚོགས་པ།
ཉེ་ཆར། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ལྗོངས་ཏང་ཨུད་ཀྱི་ལས་དོན་ཆེད་དོན་ཚན་ཁག་གི་ཚོགས་འདུ་འཚོགས་ནས། དུས་མཚམས་གོང་མའི་ལས་དོན་ལ་རྩིས་བཤེར་གསེད་བཀྲོལ་དང་གོམ་སྟབས་རྗེས་མའི་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་བྱས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
ལའེ་ཅའོ་ཡིས་ནན་བཤད་གནང་དོན། ལྗོངས་ཏང་ཨུད་ཀྱི་སློབ་སྦྱོང་སློབ་གསོའི་ལས་དོན་ཆེད་དོན་ཚན་ཁག་གིས་སློབ་སྦྱོང་རྒྱུན་མཐུད་གཏིང་ཟབ་བྱས་ནས་ས་གནས་ཁག་དང་སྡེ་ཚན་ཁག་གི་སློབ་སྦྱོང་བགྲོ་གླེང་དེ་སློབ་སྦྱོང་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས། ས་གནས་ཁག་དང་སྡེ་ཚན་ཁག་གིས་གནད་དོན་བཤེར་འདོན་གྱི་གསལ་ཐོ་སྟབས་བསྟུན་གསར་བརྗེས་བྱེད་པར་མཛུབ་ཁྲིད་དང་ལྟ་སྐུལ་བྱས་ཏེ། ཐོ་འགོད་སྙན་སེང་འཐེན་བཤེར་དང་སྐབས་བསྟུན་བརྟག་ཞིབ་སོགས་ཀྱི་བྱེད་ཐབས་སྤྱད་ནས་ཞིབ་བཤེར་མཛུབ་ཁྲིད་བྱེད་དགོས། གཅིག་སྡུད་བཅོས་སྒྲིག་གི་འཕེལ་རིམ་དང་ཕན་འབྲས་ལ་རྗེས་སྙེག་ཤེས་རྟོགས་དང་རང་སྐྱོང་ལྗོངས་ཀྱིས་གཏན་འཁེལ་བྱས་པའི་ཆེད་དོན་བཅོས་སྒྲིག་རྣམ་གྲངས་ལ་དམ་པོར་དམིགས་ནས་དག་ཐེར་བཅོས་སྒྲིག་ཐུབ་པའི་འགན་ལེན་བྱེད་དགོས། ཉེན་ཟོན་སློབ་གསོར་ཤུགས་སྣོན་རྒྱག་པ་དང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱིས་བཀྲམ་པའི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གྱོད་དཔེ་ཡག་པོ་སྤྱད་དེ་ཏང་ཡོན་ལས་བྱེད་པས་གྱོད་དཔེ་དཔྱད་གཞིའི་མེ་ལོང་དུ་འཛིན་པ་དང་བསླབ་བྱར་འཛིན་པར་ཁྲིད་སྟོན་བྱེད་དགོས། སྤྱོད་ཚུལ་ལ་ཉམས་སད་ཐེག་ཐུབ་པ་དང་། ཇུས་འདོན་ལས་རོགས་ཡག་པོ་བྱེད་པ། སྲིད་ཇུས་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ལས་དོན་གྱི་འགན་འཁྲི་ནན་དུ་གཏོང་བ་བཅས་བྱས་ནས་དེ་བས་མཐོ་བའི་ཚད་གཞི་དང་དེ་བས་ནན་པའི་བླང་བྱར་བརྟེན་ནས་སྤྱི་འདོམས་འཆར་འགོད་དང་། སྒྲིག་འཛུགས་མཐུན་སྦྱོར། འབྲེལ་གཏུག་འབྲེལ་མཐུད། ཞབས་ཞུའི་འགན་ལེན་སོགས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བར་སྐུལ་འདེད་གཏོང་དགོས།