དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཀརྨ་ཚེ་བརྟན་2025ལོའི་དམངས་གཉེར་ཁེ་ལས་ཀྱིས་ཐེམ་ཁུངས་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་རོགས་རམ་བྱེད་པའི་ལས་དོན་བཞུགས་མོལ་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-06-16

    ཚེས་13ཉིན། 2025ལོའི་དམངས་གཉེར་ཁེ་ལས་ཀྱིས་ཐེམ་ཁུངས་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་རོགས་རམ་བྱེད་པའི་ལས་དོན་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།

    བསྟན་པས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་རྡོ་རྗེ་ཚེ་སྒྲུབ་ཚོགས་འདུར་ཞུགས་པ།

    ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ལྗོངས་ཡོངས་ཀྱི་རྒྱ་ཆེའི་དམངས་གཉེར་ཁེ་ལས་ཀྱིས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཐེམ་ཁུངས་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་རོགས་རམ་བྱེད་པ་སོགས་ལ་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་རེད།

    ཀརྨ་ཚེ་བརྟན་གྱིས་མཐོ་སློབ་སློབ་ཐོན་སློབ་མ་དམངས་གཉེར་ཁེ་ལས་སུ་སྤུས་ཚད་མཐོ་པོས་ལས་ཞུགས་གང་ལེགས་ཐུབ་པར་བྱེད་སྐབས“ཕྱོགས་གཉིས་ཀས་འབད་བརྩོན་བྱེད་པ”ནི་བྱེད་སྟངས་དང་འབྲས་བུ་ཡག་ཤོས་ཡིན་པས་ངོས་འཛིན་གཅིག་མཐུན་གྱིས་མཉམ་དུ་ཤུགས་རྒྱག་དགོས། འགན་འཁྲི་ནན་དུ་བཏང་སྟེ“གོང་འོག་བསམ་ཇུས་གཅིག”གི་བསམ་བློ་བརྟན་པོ་བཙུགས་ནས་ལས་ཀའི་མཉམ་ཤུགས་ཆགས་པར་བྱེད་དགོས། ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་ནས་གཟིགས་སྐྱོང་སྲིད་ཇུས་ཁག་དོན་འཁྱོལ་ཏན་ཏིག་དང་ཞིབ་ཕྲ་བྱས་ཏེ་ཁེ་ལས་ལ་སྤུས་ལེགས་ཀྱི་ལས་གནས་དེ་བས་མང་བ་མཁོ་འདོན་བྱ་རྒྱུར་སྐུལ་འདེད་གཏོང་དགོས། སྲིད་སློབ་ཁེ་བཅས་དབར་རྒྱུན་རྣམ་ཅན་གྱི་འབྲེལ་མཐུད་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། སེམས་ནུས་དང་བརྩེ་སེམས་ལ་བརྟེན་ཏེ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་མཛུབ་ཁྲིད་དང་ཞབས་འདེགས་གང་ལེགས་ཞུ་དགོས། དྲིལ་བསྒྲགས་དང་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ། སྤྱི་ཚོགས་ཡོངས་ཀྱིས་མཐོ་སློབ་སློབ་ཐོན་སློབ་མ་ཁྲོམ་རར་ཁ་ཕྱོགས་ནས་ལས་ཞུགས་བྱེད་པར་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་རྣམ་པ་བཟང་པོ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས། རྒྱ་ཆེའི་དམངས་གཉེར་ཁེ་ལས་ཀྱིས་འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ་དང་། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། སྔར་ལས་ལྷག་པའི་སྒོ་ནས་མི་མངོན་པའི་ནུས་པ་སྔོག་འདོན་དང་ལས་གནས་རྒྱ་སྐྱེད་གཏོང་བ། ཤེས་ལྡན་པ་གསོ་སྐྱོང་དང་སྤྱོད་པའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། ཆུ་ཚད་མཐོ་བའི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་བརྟེན་ཏེ་ལེགས་ལ་རྒྱ་སྟོབས་ཆེ་བའི་ཁེ་ལས་འཛུགས་རྒྱུར་རམ་འདེགས་བྱེད་དགོས། རྒྱ་ཆེའི་མཐོ་སློབ་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ནས་ཆེད་ལས་བཀོད་སྒྲིག་དང་ཁྲོམ་རའི་དགོས་མཁོ་ཕན་ཚུན་མཐུན་སྦྱོར་ཡོང་བར་སྐུལ་འདེད་གཏོང་དགོས། ཐོན་སློབ་མཉམ་འདྲེས་མངོན་གསལ་དོད་པོ་ཡོང་བ་དང་སློབ་ཁྲིད་དང་ཐོན་སྐྱེད་ལག་ལེན་དང་ཚན་ཞིབ་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། འཇོན་ཐང་ངོ་མ་སྦྱོང་བརྡར་ཧུར་ཐག་དང་ལས་ཞུགས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས། ཐབས་ལམ་རྒྱ་ཆེར་བཏང་ནས་ལས་གནས་རྒྱ་བསྐྱེད་པ་དང་རང་འགུལ་རང་བཞིན་དང་གསར་གཏོད་རང་བཞིན་གང་ལེགས་བཏོན་ཏེ་གླིང་ཁུལ་དང་། ལས་རིགས། ཁེ་ལས་བཅས་སུ་བསྐྱོད་ནས་ལས་གནས་ཀྱི་ཐོན་ཁུངས་དེ་བས་མང་བ་སྔོག་འདོན་བྱེད་དགོས། རྒྱ་ཆེའི་སློབ་ཐོན་སློབ་མས་འདུ་ཤེས་ལ་འགྱུར་ལྡོག་ཏན་ཏིག་བཏང་ནས་ཡང་དག་པའི་ཤེས་ལྡན་པའི་ལྟ་བ་དང་། ལས་རིགས་ཀྱི་ལྟ་བ། ལས་ཞུགས་ཀྱི་ལྟ་བ་བཅས་འཛུགས་དགོས་པ་དང་། དོན་དངོས་ལ་གཞིགས་ནས་ལས་རིགས་དང་ལས་གནས་བདམས་ཏེ་མེས་རྒྱལ་ལ་དགོས་མཁོ་ཡོད་པའི་ས་ཆར་བསྐྱོད་ནས་ནུས་པ་འདོན་ཐུབ་པ་དང་བྱས་རྗེས་འཇོག་ཐུབ་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་མི་སྤྱི་ཐིང་དང་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་དམངས་གཉེར་ཁེ་ལས་ཀྱི་འཐུས་མི་ཁག་གཅིག་གིས་སྤེལ་རེས་གཏམ་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།