རེན་ཝེ་ཡིས་རང་སྐྱོང་ལྗོངས་ཚོང་འགུགས་མ་འདྲེན་རྣམ་གྲངས་ཀྱི་སྐུལ་སྤེལ་ཚོགས་འདུ་གཙོ་སྐྱོང་གནང་བ།
ཚེས་9ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཡིས་རང་སྐྱོང་ལྗོངས་ཚོང་འགུགས་མ་འདྲེན་རྣམ་གྲངས་ཀྱི་སྐུལ་སྤེལ་ཚོགས་འདུ་གཙོ་སྐྱོང་གནང་སྟེ། ཚོང་འགུགས་མ་འདྲེན་རྣམ་གྲངས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་རྒྱུར་ཞིབ་འཇུག་དང་། དཀའ་གནད་ཐག་གཅོད། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བཅས་བྱས་ཡོད་པ་རེད།
རེན་ཝེ་ཡིས་ནན་བཤད་གནང་དོན། ས་ཁུལ་དང་། གྲོང་ཁྱེར། སྡེ་ཚན་བཅས་ཁག་གིས་ཚོང་འགུགས་མ་འདྲེན་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཚད་ལྡན་རང་བཞིན་གྱི་ཚོང་འགུགས་མ་འདྲེན་གྱི་བླང་བྱར་བརྩི་སྲུང་ཞུ་བ། བསམ་བློའི་འདུ་ཤེས་བསྒྱུར་བ་བཅས་བྱས་ནས་འཇོན་ཐང་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་དགོས། ཚོང་འགུགས་མ་འདྲེན་གྱི་ཐབས་ལམ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱེད་པར་ཀྲུང་དབྱང་གིས་དཀྲིས་པའི་བོད་ཀྱི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ཡག་པོ་སྤྱོད་དགོས་ལ། བོད་སྐྱོར་གྱི་ལེགས་ཆ་དང་། ཐོན་ཁུངས་ཀྱི་ལེགས་ཆ། དམིགས་བསལ་ཁྱབ་ཁོངས་ཀྱི་ཁྲོམ་རའི་དགོས་མཁོའི་ལེགས་ཆ་བཅས་གང་ལེགས་འདོན་པ་དང་། ཞབས་ཞུའི་ལེགས་ཆ་རང་འགུལ་ངང་གཏོད་པ། བོད་སྐྱོར་ཚོང་འགུགས་དང་། ཚོང་བརྟེན་ཚོང་འགུགས། ལས་རིགས་མཐུན་ཚོགས་ཚོང་འགུགས་བཅས་བྱས་ཏེ་ཚོང་འགུགས་མ་འདྲེན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།