བསོད་ནམས་ཉི་མས་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།
ཟླ་6ཚེས་9ཉིན་གྱི་སྔ་དྲོར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བསོད་ནམས་ཉི་མས་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོའི་གུས་མཇལ་དང་ལེན་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱི་ལག་བསྟར་དོན་འཁྱོལ་བྱེད་ཐབས་ལ་ཞིབ་འཇུག་གནང་བ་རེད།
བསོད་ནམས་ཉི་མས། པཎ་ཆེན་ཨེར་ཏེ་ནི་གསེར་ཁྲིར་མངའ་གསོལ་ནས་ལོ་30འཁོར་བའི་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོའི་གུས་མཇལ་དང་ལེན་གནང་ནས་སློབ་སྦྱོང་དང་། ལས་དོན། བློ་སྦྱོང་བཅས་ཕྱོགས་གསུམ་ཐད་ནས་ཐུགས་རེ་དང་བླང་བྱ་ནན་པོ་བཏོན་གནང་བ་དེ་ནི་པཎ་ཆེན་རིན་པོ་ཆེ་འཚར་ལོངས་ཡར་ཐོན་ཡོང་བར་ཐུགས་ཁུར་ཟབ་མོ་གནང་བ་དང་བོད་བརྒྱུད་ནང་བསྟན་གྱི་ལས་རིགས་མི་སྣར་ཐུགས་རེ་ནན་པོ་བཅོལ་བ་ཞིག་ཡིན་ལ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བའི་ལས་ཀའི་བླང་བྱ་གལ་ཆེན་ཞིག་ཀྱང་ཡིན་པས། ང་ཚོར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད་ཅེས་གསུངས་པ་རེད།
བསོད་ནམས་ཉི་མས། ལྗོངས་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དུས་ཐོག་ཏུ་ཆོས་ལུགས་ལས་རིགས་ཀྱི“འདུ་ཤེས་གསུམ”གྱི་སློབ་གསོའི་ནང་བཅུག་ནས། ལྗོངས་ཡོངས་ཀྱི་རྒྱ་ཆེའི་གྲྭ་བཙུན་རྣམས་ཀྱིས་སྲོག་ཤིང་ལ་བརྩི་བཀུར་དང་། སྲོག་ཤིང་ལ་དགའ་གཅེས། སྲོག་ཤིང་ལ་སྲུང་སྐྱོབ་བཅས་བྱ་རྒྱུའི་ཁྲིད་སྟོན་གྱིས་བརྩོན་འགྲུས་མཐར་ཕྱིན་དང་། ཧུར་ཐག་འབད་ཐག བག་ཡོད་ཚུལ་ལྡན་བཅས་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་བཏང་སྟེ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བའི་ཐད་བྱེད་པོའི་ནུས་པ་སྔར་ལས་ལེགས་པར་འདོན་དགོས་པའི་ནན་བཤད་གནང་བ་རེད།