ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་དང་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་སུ་བརྟག་ཞིབ་གནང་བ།
ཚེས་10ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་དང་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་སུ་བརྟག་ཞིབ་གནང་བ་རེད།
རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་དུ་ཀརྨ་ཚེ་བརྟན་གྱིས་ལས་བྱེད་པ་དང་ལས་བཟོར་འཚམས་འདྲི་གནང་བ་དང་འབྲེལ་ལྗོངས་ཡོངས་ཀྱི་ཞིང་ལས་གྲོང་གསེབ་དང་ཞིང་འབྲོག་པའི་འབབ་འཕར་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས“ཞིང་གསུམ”བརྟན་པོ་བྱུང་ཚེ་གཞི་ནས་སྤྱི་ཡོངས་བརྟན་པོ་ཡོང་ཐུབ། རང་འགུལ་གྱིས་འགན་འཁུར་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ལྷོད་གཡེང་སྤུ་ཙམ་མི་གཏོང་བར་སྲ་བརྟན་དང་རྒྱ་ཆེར་གཏོང་དགོས་ཤིང་། རིམ་པ་དང་རིགས་དབྱེ་བ་དང་། གནད་སྨིན་ལྟ་ཞིབ་ཚད་ལེན། གནད་སྨིན་རོགས་སྐྱོར་བཅས་རྒྱུན་འཁྱོངས་བྱས་ཏེ། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་དང་དབུལ་པོར་མི་འགྱུར་བའི་མཐའ་ཚད་ཡུན་རིང་བརྟན་སྲུང་བྱེད་དགོས། “ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག”མཐའ་འཁྱོངས་ཀྱིས་རྨོ་ཞིང་སྲུང་སྐྱོང་གི་དམར་ཐིག་བསྲུངས་ནས། རྒྱ་ཁྱོན་བརྟན་པོ་དང་མུའུ་རེའི་ཐོན་ཚད་མང་དུ་བཏང་སྟེ་འབྲུ་རིགས་བདེ་འཇགས་ཀྱི་ཆབ་སྲིད་འགན་འཁྲི་བརྟན་པོ་འཁུར་དགོས། “ཁྲི་སྟོང་ལས་གྲྭའི”ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་ཡག་པོ་བྱས་ཏེ། བཟོ་ལས་དཔེ་གསར་ཅན་དང་། གྲོང་ཁྱེར་གྲོང་རྡལ་དཔེ་གསར་ཅན། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་བཅས་ལ་སྤྱི་འདོམས་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་འདྲ་མཉམ་ཅན་ལ་མཐོང་ཆེན་བཅས་བྱས་ནས་ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས། གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཞིང་འབྲེལ་ཞིང་ཁྲིད་ཀྱི་ཁེ་ཕན་འབྲེལ་མཐུད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། འབབ་འཕར་ཐབས་ལམ་རྒྱ་སྐྱེད་ཧུར་ཐག་གཏོང་བ། མང་ཚོགས་ཀྱི་ཡོང་འབབ་ཐབས་བརྒྱ་ཇུས་སྟོང་གིས་མང་དུ་གཏོང་བ་བཅས་བྱས་ཏེ་རང་ལྗོངས་ཀྱི་ཞིང་འབྲོག་ལས་སྤུས་མཐོ་ནུས་ཆེ་དང་། ཞིང་འབྲོག་ཁུལ་གནས་འཕྲོད་ལས་འཚམ། ཞིང་འབྲོག་པ་ཕྱུག་པོ་ཆགས་པ་བཅས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་བ་རེད།
ལྷ་ས་རྒྱལ་ཁབ་འབྲུ་རིགས་གསོག་འཇོག་མཛོད་དུ་ཀརྨ་ཚེ་བརྟན་འབྲུ་མཛོད་ཁང་དུ་ཕེབས་ནས་འབྲུ་རིགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་ཞིང་། གསོག་འཇོག་དང་དོ་དམ་བྱེད་ཤུཌ་ཆེ་རུ་གཏོང་བ་དང་། གསོག་འཇོག་དང་བཀོད་སྒྲིག་བྱེད་སྟངས་ལེགས་སུ་གཏོང་བ། ཉེན་ཁ་སྔོན་འགོག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་གྲངས་འབོར་དྲང་གཞག་དང་། སྤུས་ཚད་ལེགས་པ། གསོག་འཇོག་བདེ་འཇགས། དོ་དམ་ཚད་ལྡན་བཅས་འགན་ལེན་བྱེད་དགོས་པའི་བཀའ་མངགས་གནང་བ་རེད། རང་སྐྱོང་ལྗོངས་འབྲུ་རིགས་དང་དངོས་ཟོག་གསོག་འཇོག་ཅུས་སུ་ཀརྨ་ཚེ་བརྟན་གྱིས་ལྗོངས་ཡོངས་ཀྱི་འབྲུ་རིགས་གསོག་ཉར་དོ་དམ་དང་རིག་ལྡན་འབྲུ་མཛོད་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཚགས་གནང་ཞིང་། ཁོང་གིས་སྤུས་ཚད་ཀྱི་མཐའ་ཚད་བརྟན་པོར་སྲུང་བ་དང་། “ཆེས་ནན་པོ་བཞིའི”བླང་བྱ་ལག་བསྟར་བྱེད་པ། འབྲུ་རིགས་ཉོ་སྒྲུབ་དང་། གསོག་འཇོག ལྟ་འདོམས་བཅས་ཀྱི་འགག་སྒོ་ཡག་པོར་བསྲུངས་ཏེ“ལྕེ་ཐོག་གི་བདེ་འཇགས”སྲུང་སྐྱོང་ཡག་པོ་བྱེད་དགོས། རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་བ། ཞིབ་ཚགས་ཅན་གྱི་དོ་དམ་ལ་དམ་འཛིན་ཡག་པོ་བྱེད་པ། དུས་ཐོག་ཏུ་གནས་ཚུལ་གསར་པར་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད་བཅས་བྱས་ཏེ། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས་པའི་ནན་བཤད་གནང་བ་རེད།