ལིའུ་ཅང་གིས་ནག་ཆུ་དང་། ཆབ་མདོ། ཉིང་ཁྲི་བཅས་ལ་རྟོག་ཞིབ་གནང་བ།
ཟླ་6ཚེས་3ཉིན་ནས་ཚེས་8ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་ནག་ཆུ་གྲོང་ཁྱེར་དང་། ཆབ་མདོ་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར་བཅས་སུ་ཕེབས་ནས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྲུན་དང་། སློབ་གྲྭའི་བདེ་འཇགས་བརྟན་ལྷིང་། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ་མ་ཟད། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་ཡང་གནང་བ་རེད།
རྫོང་ཁག་གི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་ལིའུ་ཅང་གིས་ཚན་པ་བཅའ་སྡོད་དང་། འཁོར་སྐྱོད་ལམ་སྲོལ། ལས་ཀའི་གོ་རིམ། འགལ་བ་དང་རྩོད་གཞི་འདུམ་འགྲིག་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་ཞིང་། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་ཐོན་ཁུངས་བསྡུ་སྒྲིལ་དང་། སྟོབས་ཤུགས་སྤྱི་འདོམས། ལམ་སྲོལ་འཐུས་ཚང་བཅས་བྱེད་པ་དང་། གཞི་རིམ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་གྱི་འཛུགས་སྐྲུན་དང་དངོས་ཚན་ཅན་གྱི་འཁོར་སྐྱོད་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། “གཅིག་འཐུས་རྣམ་པའི་བདག་སྤྲོད་དང་། འདུམ་འགྲིག་སྡེབ་གཅིག འཁོར་འབྲེལ་ཧྲིལ་པོ་ཐག་གཅོད”བཅས་བྱེད་པ། འགལ་བ་དང་རྩོད་གཞི་ཐག་གཅོད་དང་སྤྱི་ཚོགས་ཀྱི་བདེ་འཇགས་བཅོས་སྐྱོང་གི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་བྱེད་ནུས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། འགལ་བ་དང་རྩོད་གཞི་གཞི་རིམ་ནས་ཐག་གཅོད་དང་ཐོན་མ་ཐག་ནས་མེད་པར་བཟོ་དགོས། མང་ཚོགས་ཀྱི་དགོས་མཁོ་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྡེ་ཚན་གྱི་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ། བརྩེ་སེམས་དངོས་བཅངས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ཏེ། མང་ཚོགས་ཀྱི་རེ་འདུན་ཚང་མ་བསྒྲུབ་མཁན་ཡོད་པ་དང་ཁྲིམས་ལྟར་བསྒྲུབ་རྒྱུ་འགན་ལེན་བྱས་ནས། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་སྔར་བས་ལེགས་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།
གཞི་རིམ་གྱི་སློབ་གྲྭ་དང་སྨན་ཁང་དུ་ལིའུ་ཅང་གིས་སློབ་གསོ་དང་སློབ་ཁྲིད་ཀྱི་གནས་ཚུལ་དང་སྨན་བཅོས་ཞབས་ཞུའི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ནས། ཐོག་མཐའ་བར་གསུམ་དུ་དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་ཏུ་སྒྲིལ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབ་སར་བརྩིས་ནས་མི་བཟང་གསོ་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ་དང་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་དང་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ནུས་ཤུགས་ཡོད་རྒུས་ཡག་པོ་གཉེར་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།
གོ་མཇོ་རྫོང་སྐྱ་འབེལ་ཤང་བསམ་གྲུབ་ཡར་གྲོང་གྲོང་ཚོ་དང་ལྷ་རྒྱལ་ཤང་རྒྱབ་རི་གྲོང་ཚོ་སོགས་སུ་ལིའུ་ཅང་གིས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་འཚོ་བའི་སྐོར་དང་། འཕེལ་རྒྱས་ཀྱི་སྐོར། འགྱུར་ལྡོག་གྱི་སྐོར་བཅས་གླེང་ནས་ཁོང་ཚོར་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་འདོན་པ་དང་། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་དང་། གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་བཅོས་སྐྱོང་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་པའི་སྐུལ་ལྕག་གནང་བ་རེད།
ལིའུ་ཅང་གིས་ད་དུང་ཆུ་བོ་དང་ནགས་ཚལ་ལ་སྐོར་ཞིབ་དང་། དགོན་སྡེའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད། རྒྱལ་ལམ་318ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་སྒྱུར་བཀོད་འགན་གཙང་གི་རྣམ་གྲངས་འཛུགས་སྐྲུན་ལ་ཞིབ་བཤེར་བཅས་གནང་བ་རེད།