བསྟན་པ་སྟེང་ཆེན་རྫོང་དམུ་ཐ་ཤང་དུ་ཕེབས་ནས་རི་ཉིལ་བའི་དོན་རྐྱེན་ཐད་ཀྱི་རོགས་སྐྱོབ་བཀོད་སྒྲིག་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་བ།
ཟླ་6ཚེས་3དང་ཚེས་4ཉིན་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བསྟན་པ་སྟེང་ཆེན་རྫོང་དམུ་ཐ་ཤང་གི་རི་ཉིལ་བའི་ས་ཡུལ་དངོས་ལ་ཕེབས་ནས་གེགས་སེལ་ལས་དོན་བཀོད་གཏོང་ལ་ལྟ་སྐུལ་མཛུབ་ཁྲིད་དང་འཕྲལ་སྡོམ་ཐག་གཅོད་ཀྱི་འཕེལ་རིམ་ལ་ཞིབ་བཤེར་གནང་བ་རེད།
འཐབ་ཕྱོགས་དང་པོའི་གེགས་སེལ་བྱ་ཡུལ་དུ་བསྟན་པས་ས་གཤིས་བརྟན་པོ་ཡིན་མིན་གྱི་ལྟ་ཞིབ་ཚད་འཇལ་གྲངས་གཞི་དང་། འཚོལ་སྐྱོབ་ལས་དོན་གྱི་འཕེལ་རིམ། འཁྱིལ་མཚོའི་ཉེན་ཁ་སེལ་བ་དང་མང་ཚོགས་གནས་སྤོ་བཀོད་སྒྲིག་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ། འབྲེལ་ཡོད་སྡེ་ཚན་ཁག་དང་རིགས་གཅིག་མཁས་ཅན་ཚོགས་ཆུང་དང་མཉམ་དུ་ས་གནས་ས་ཐོག་གི་བཀོད་གཏོང་ཚོགས་འདུ་འཚོགས་ཏེ་གནོད་འཚེའི་ཉེན་ཁར་དབྱེ་ཞིབ་བརྡར་གཅོད་དང་འཕྲལ་སྡོམ་བཀོད་སྒྲིག་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་གནང་བ་རེད། ཁོང་གིས་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་། ཀྲུའུ་རེན་ཡན་ཅིན་ཧའེ། ཀྲུའུ་ཞི་ཀརྨ་ཚེ་བརྟན་བཅས་ཀྱི་འབྲེལ་ཡོད་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་མི་དམངས་གོང་དུ་བཀུར་བ་དང་། ཚེ་སྲོག་གོང་དུ་བཀུར་བ། བདེ་འཇགས་ཨང་དང་པོར་འཇོག་པ་བཅས་མཐའ་འཁྱོངས་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་འཚོལ་སྐྱོབ་ཇུས་གཞི་བཟོ་བ་དང་། འཕྲལ་སྡོམ་བཀོད་འདོམས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། འགན་འཁྲི་དོན་འཁྱོལ་སྔར་བས་ཤུགས་ཆེར་གཏོང་བ། ཆེད་ལས་ཀྱི་སྒྲིག་ཆས་དང་ལག་རྩལ་གྱི་སྟོབས་ཤུགས་ལ་སྐུལ་སློང་གང་ལེགས་བྱེད་པ། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་འབྲེལ་བ་ཆད་པའི་མི་སྣ་འཚོལ་སྐྱོབ་བྱེད་པ། མང་ཚོགས་ཁ་འགྲེམ་དང་བཀོད་སྒྲིག་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྤེལ་བ། བདེ་འཇགས་ཀྱི་འགོག་སྲུང་བྱེད་ཐབས་དོན་འཁྱོལ་ནན་པོ་བཅས་བྱས་ནས་ཞོར་ཐོན་གནོད་འཚེ་ཐོན་རྒྱུ་ནན་འགོག་བྱེད་དགོས། བསླབ་བྱ་ལེན་པ་དང་གཅིག་ཤེས་ཀུན་གྲོལ་གྱིས་དབྱར་རྩྭ་དགུན་འབུ་དང་། ཤ་མོ། སྨན་རྩྭ་སོགས་འཐུ་ཁུལ་གྱི་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
བཀོད་སྒྲིག་བྱ་ཡུལ་དུ་བསྟན་པ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་སྦྲ་གུར་ནང་ཕེབས་ནས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་རྐྱེན་ལམ་དུ་ཤོར་བ་དང་འབྲེལ་བ་ཆད་པའི་མི་སྣའི་ནང་མི་དང་མང་ཚོགས་རྨས་མར་གཟིགས་པ་དང་འཚམས་འདྲི་གནང་བ་དང་འབྲེལ། མལ་གདན་དང་འཐུང་ཆུ་སོགས་དངོས་རྫས་བཀོད་སྒྲིག་ཇི་འདྲ་བྱུང་མིན་ཞིབ་ཕྲ་གཟིགས་ཤིང་། ཁར་གཞི་རིམ་ཏང་ཡོན་ལས་བྱེད་པ་དང་གནོད་འཚེ་ཕོག་པའི་མང་ཚོགས་དང་སྙིང་གཏམ་ཤོད་རེས་གནང་ཐོག་མང་ཚོགས་ཀྱི་གཟུགས་གཞིའི་གནས་ཚུལ་དང་འཚོ་བའི་དགོས་མཁོར་ཐུགས་ཁུར་གཟབ་བཞེས་ཀྱང་གནང་ཡོད། ཁོང་གིས་ས་གནས་དེ་གའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་མང་ཚོགས་ཀྱི་འཚོ་བ་འགན་སྲུང་བྱ་རྒྱུ་དེ་གནས་བབ་དེ་བས་མངོན་གསལ་དོད་པའི་ཐོག་བཞག་ནས་གཞི་རིམ་ཏང་རྩ་འཛུགས་སྐུལ་སློང་བྱས་ཏེ་མང་ཚོགས་ཀྱི་སེམས་ཁམས་སློབ་གསོ་དང་། དངོས་རྫས་བཀོད་སྒྲིག གནས་སྤོ་བཀོད་སྒྲིག་སོགས་ཀྱི་ལས་དོན་ཐུན་མོང་ཐོག་ཡག་པོ་སྤེལ་དགོས་པའི་བླང་བྱ་བཏོན་གནང་བ་རེད།