ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་དཔལ་འབྱོར་ཆ་འཕྲིན་ཐིང་དང་གཞུང་རྒྱུ་ཨུ་ལྷན་དུ་བརྟག་ཞིབ་གནང་བ།
ཚེས་5ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་དཔལ་འབྱོར་ཆ་འཕྲིན་ཐིང་དང་གཞུང་རྒྱུ་ཨུ་ལྷན་དུ་བརྟག་ཞིབ་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་གྲངས་གཞི་ཆེན་པོའི་ལྟེ་གནས་སུ་ཀརྨ་ཚེ་བརྟན་གྱིས་གྲངས་གཞི་ཆེན་པོའི་ལྟེ་གནས་འཛུགས་སྐྲུན་གྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ནས་ས་གནས་ས་ཐོག་ཏུ་གྲངས་གཞི་བཀོལ་སྤྱོད་བྱེད་སྟངས་ལ་གཟིགས་ཞིབ་གནང་ཞིང་། ཁོང་གིས་གྲངས་གཞིའི་རྒྱུ་རྐྱེན་གཙོ་བོའི་རིན་ཐང་གང་ལེགས་འདོན་པ་དང་། གྲངས་གཞི་ཕན་ཚུན་སྦྲེལ་མཐུད་དང་མཉམ་སྤྱོད་ལ་ཤུགས་སྣོན་རྒྱག་པ། ཞབས་ཞུའི་ནུས་པ་དང་། གཉེར་ཡུལ་བཀོལ་སྤྱོད། སྤྱོད་མཁན་གྱི་མྱོང་ཚོར་བཅས་ལེགས་སུ་བཏང་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་བློ་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད། རང་སྐྱོང་ལྗོངས་དཔལ་འབྱོར་ཆ་འཕྲིན་ཐིང་དུ་ཀརྨ་ཚེ་བརྟན་གྱིས་བཟོ་ལས་དཔལ་འབྱོར་འཁོར་རྒྱུག་སོགས་ཀྱི་གནས་ཚུལ་སྙན་སེང་གསན་ཞིང་། ཁོང་གིས། རང་འགུལ་ངང་ཐེག་པ་འཁུར་ལེན་དང་། གྲངས་གཞིའི་མཐུན་རྐྱེན་སྦྱོར་བ་དང་ཆ་འཕྲིན་ཅན་གྱི་བྱ་ཐབས་སྤྱོད་རྒྱུར་ཤུགས་སྣོན་རྒྱག་པ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བ། སྲོལ་རྒྱུན་གྱི་དགེ་མཚན་ལྡན་པའི་ཐོན་ལས་སྒྱུར་བཀོད་རིམ་སྤོར་བྱེད་པ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། གསོག་ཚད་ལེགས་གཏོང་དང་། འཕར་ཚད་སྔོག་འདོན། འགྱུར་ཚད་དམ་འཛིན་བཅས་བྱས་ཏེ་དཔལ་འབྱོར་གྱི་སྤྱི་འབོར་རྒྱུན་མཐུད་འཕར་བ་དང་གྲུབ་ཆ་ལེགས་སུ་གཏོང་བར་སྤྱི་འདོམས་སྐུལ་འདེད་གཏོང་དགོས། ཚོང་གཉེར་ཁོར་ཡུག་རྩེ་གྲ་སྐྲུན་པ་དང་། གསར་གཏོད་རང་བཞིན་གྱིས་རྒྱུ་རྐྱེན་སྣ་ཚོགས་བཀོད་སྒྲིག་ལ་སྐུལ་འདེད་གཏོང་བ། ཞབས་ཞུར་འགན་ལེན་གྱི་འདེགས་སྐྱོར་ཆེ་རུ་གཏོང་བ། ཁེ་ལས་ལ་ཕན་པ་དང་རམ་འདེགས་བྱེད་པའི་སྲིད་ཇུས་ཁག་དོན་འཁྱོལ་གནད་སྨིན་བཅས་བྱས་ནས་གཉེར་སྐྱོང་བྱེད་པོའི་ནང་སྐྱེས་སྒུལ་ཤུགས་མུ་མཐུད་འཕེལ་བར་བྱེད་དགོས། བདེ་འཇགས་འཕེལ་རྒྱས་ཀྱི་མཐའ་ཚད་བརྟན་པོར་སྲུང་བ་དང་། གཙོ་གནད་ས་ཁུལ་དང་། གཙོ་གནད་ལས་རིགས། གཙོ་གནད་ཁེ་ལས་བཅས་ལ་དམ་པོར་དམིགས་པ། གྲངས་གཞིར་དབྱེ་ཞིབ་དང་། འཕེལ་ཕྱོགས་ལ་ཞིབ་འཇུག་བརྡར་གཅོད་དང་ལྟ་ཞིབ་ཚད་ལེན་དང་བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་དཔལ་འབྱོར་འཁོར་རྒྱུག་བརྟན་པོ་ཐུབ་པར་སྲུང་སྐྱོང་བྱེད་དགོས་པའི་ནན་བཤད་གནང་བ་རེད།
རང་སྐྱོང་ལྗོངས་གཞུང་རྒྱུ་ཨུ་ལྷན་དུ་ཀརྨ་ཚེ་བརྟན་གྱིས་འབྲེལ་ཡོད་ཁྲུའུ་དང་ཁང་གི་ལས་བྱེད་ལས་བཟོ་དང་སྤེལ་རེས་གཏིང་ཟབ་གནང་སྟེ། ལྗོངས་ཡོངས་ཀྱི་གཞུང་རྒྱུ་དང་གཞུང་ཁོངས་ཁེ་ལས་ཀྱི་སྒྱུར་བཅོས་དང་ཚན་རྩལ་གསར་གཏོད་སོགས་ཀྱི་གནས་ཚུལ་གྱི་སྙན་སེང་གསན་ཞིང་། ཁོང་གིས། ་གཞུང་ཁོངས་ཁེ་ལས་ནི་ཏང་གིས་སྲིད་སྐྱོང་རྒྱལ་དར་བྱེད་པའི་འདེགས་སྐྱོར་གལ་ཆེན་དང་བརྟེན་སའི་སྟོབས་ཤུགས་ཡིན། ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། རྒྱལ་ཁབ་ཀྱི་དགོས་མཁོ་དང་། ཀྲུང་དབྱང་ཁེ་ལས་ཀྱི་དགེ་མཚན། མང་ཚོགས་ཀྱི་རེ་སྒུག འབྱུང་འགྱུར་གྱི་ཁ་ཕྱོགས་བཅས་ཕྱོགས་སྟོན་དུ་བྱེད་པ། བྱས་པ་ཅན་གྱི་སྲིད་གཞུང་དང་ནུས་ཆེའི་ཁྲོམ་ར་ཟུང་འབྲེལ་མཐའ་འཁྱོངས་བྱེད་པ། གཞུང་རྒྱུ་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་མུ་མཐུད་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་གཞུང་ཁོངས་མ་རྩ་དང་གཞུང་ཁོངས་ཁེ་ལས་རྒྱ་སྟོབས་ཆེ་རུ་དང་ལེགས་སུ་གཏོང་དགོས། གཙོ་འགན་གཙོ་ལས་ལ་དམིགས་པ་དང་། ཕུན་སུམ་ཚོགས་པའི་ཐོན་ཁུངས་ལ་གཞི་ཚུགས་པ། ཚད་ཤིང་ཁེ་ལས་དང་སྣེ་འདྲེན་ཁེ་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། ཁྲོམ་རའི་འགྲན་རྩོད་ཀྱི་ནུས་པ་ཆེ་རུ་གཏོང་བ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་ས་མཐོའི་ཁྱད་ཆོས་ལྡན་ཞིང་དགེ་མཚན་ལྡན་པའི་ཐོན་ལས་མ་ལག་འཛུགས་སྐྱོང་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཁྲོད་ནུས་པ་དེ་བས་ཆེ་བ་འདོན་དགོས་ཞེས་གསུངས་པ་རེད།