ལམ་ལུགས་ལམ་སྲོལ་འཐུས་ཚང་བཟོས། སྒྱུར་བཅོས་གསར་གཏོད་གསོན་ཤུགས་འཕེལ།
བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཏང་འཛུགས་སྐྱོང་གི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་བའི་སྐོར་གྱི་སྒྲིལ་གླེང་།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག ཏང་ཡོངས་ཀྱིས་སྒྱུར་བཅོས་ལ་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་བྱ་རྒྱུ་ཤུགས་རྒྱག་སར་བྱས་ཏེ། ཏང་འཛུགས་སྐྱོང་གི་ལམ་ལུགས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་ནན་བཤད་བྱས་ཡོད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ལྷག་པར་དུ་ཏང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་ལག་བསྟར་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་མཐའ་འཁྱོངས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་སྐོར་ལ་གཏན་འབེབས་ཁ་གསལ་གནང་བའི“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་དོན་ཆེན་བཞིར་དམིགས་ནས། ལམ་ལུགས་འཛུགས་སྐྱོང་གཙོ་རྐང་དུ་བྱེད་པ་དང་། སྒྱུར་བཅོས་ཀྱི་སྙིང་སྟོབས་དང་ཚད་གཞི་ནན་པོར་བརྟེན་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པ། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་དང་། ལས་བྱེད་པའི་མི་དོན་ལམ་ལུགས། ཤེས་ལྡན་པ་འཕེལ་རྒྱས། རྩ་འཛུགས་འཛུགས་སྐྱོང་། ཏང་ཡོན་ལ་དོ་དམ། ལས་ཁུངས་སྒྲིག་ཁོངས་སོགས་འགག་རྩའི་ལྷུ་ཚིགས་སྒྱུར་བཅོས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་སྒུལ་ཤུགས་དང་ལམ་ལུགས་ཀྱི་འགན་ལེན་ཤུགས་ཆེན་བྱས་ཡོད།
ཏང་ཡོན་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་རྒྱུན་སྲིང་ལྷོད་མེད་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་པ།
ཆབ་སྲིད་ཐད་བྱང་ཆུབ་པ་ནི་རིགས་པའི་གཞུང་ལུགས་ཐད་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་ལས་བྱུང་བ་ཞིག་ཡིན་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྣེ་གཉིས་ལ་དམ་འཛིན་དང་བར་དབུས་ལ་སྐུལ་ཁྲིད་མཐའ་འཁྱོངས་བྱས་པ་སྟེ། ཕྱོགས་གཅིག་ནས་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལ་དམ་འཛིན་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་མང་ཚོགས་ཀྱི་བསམ་བློ་དང་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་དམ་འཛིན་གྱིས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པར་སློབ་གསོ་ཁྲིད་སྟོན་བྱས་ནས། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱས་ཡོད།
ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་ཟབ་མོ་སྤྲས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་གསོ་གསོ་སྦྱོང་གི་འཆར་གཞི་ལག་ལེན་གཏིང་ཟབ་བསྟར་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་གསོ་སྦྱོང་ཡོངས་ཁྱབ་ངང་བྱས་ཏེ། རིམ་དབྱེ་རིགས་དབྱེ་དང་དུས་ཐེངས་དང་ཁག་ཐེངས་དབྱེ་ནས་ཏང་ཡོན་དང་ལས་བྱེད་པར་བརྒྱུད་རིམ་ལྡན་པའི་གསོ་སྦྱོང་བྱས་ཡོད། ཏང་ཡོན་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཡོངས་ཀྱི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་འཆར་འགོད་ཀྱི་ལག་བསྟར་བསམ་འཆར་དང་། ལས་བྱེད་པའི་འགན་སྒྲུབ་ནུས་པ་ཆེར་གཏོང་བྱ་ཐབས། སྦྱོང་བརྡར་བྱ་ཐབས་བཟོ་བ་དང་ལག་ལེན་བསྟར་ནས། སློབ་ཚན་བཀོད་སྒྲིག་ལེགས་སུ་གཏོང་བ་དང་། བྱེད་སྟངས་དང་བྱ་ཐབས་ལེགས་སུ་གཏོང་བ། གསོ་སྦྱོང་གི་སྤུས་ནུས་མཐོ་རུ་གཏོང་བ་བཅས་བྱས་ཏེ་རིགས་པའི་གཞུང་ལུགས་སློབ་སྦྱོང་གི་དཔྱད་ཞིབ་གདེང་འཇོག་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཡོད།
ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཅིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུའི་སྐོར་གྱི་གཏན་འབེབས་བཟོས་པ་དང་། “གྲོས་གཞི་དང་པོའི”ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་དམངས་གཙོ་གཅིག་སྡུད་ལམ་ལུགས་དང་དོན་གནད་གལ་ཆེན་དགོངས་སྐོར་སྙན་སེང་ཞུ་བའི་ལམ་ལུགས་ལག་བསྟར་ནན་ཏན་བྱས་ནས། ས་གནས་ཏང་ཨུད་ཀྱི་ལས་དོན་གྱི་སྲོལ་ཡིག་དང་ཏང་ཙུའི་ལས་དོན་གྱི་སྲོལ་ཡིག་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་བརྟག་དཔྱད་ཞིབ་འཇུག་བྱས་ཡོད། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། “སྤྱོད་ཚུལ་ལ་ཞིབ་བཤེར་དང་། འགན་འཁྲིར་ཞིབ་བཤེར། སྐྱོན་ཆར་ཞིབ་བཤེར། དོན་འཁྱོལ་ལ་ཞིབ་བཤེར”བཅས་བྱ་རྒྱུ་དེ་རྒྱུན་གཏན་དང་མཉམ་འདྲེས་དང་དུས་རྒྱུན་ནས་དམ་འཛིན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གངས་ལྗོངས་ས་མཐོར་དོན་འཁྱོལ་གནད་སྨིན་ཡོང་བར་སྐུལ་འདེད་བཏང་ཡོད།
འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པའི་མི་སྣ་བཀོལ་སྤྱོད་ཀྱི་སྟོན་ཕྱོགས་ཡང་དག་བརྟན་པོར་བཙུགས་ཏེ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱས་པ།
ཆབ་སྲིད་ཀྱི་ལམ་ཕྱོགས་གཏན་འཁེལ་བྱས་རྗེས་ལས་བྱེད་པ་ནི་ཐག་གཅོད་མཁན་གཙོ་བོ་ཡིན་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་མཐའ་འཁྱོངས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མི་རིགས་ས་ཁུལ་གྱི་ལས་བྱེད་པས“ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་པའི་རྣམ་འགྱུར་ཧ་ཅང་གསལ་བ་དང་། ཡིན་མིན་ཆེན་པོ་གསལ་འབྱེད་བྱེད་པའི་ལངས་ཕྱོགས་ཧ་ཅང་གསལ་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་པའི་བྱ་སྤྱོད་ཤིན་ཏུ་ཐག་ཆོད་པོ། མི་རིགས་ཁག་གི་མང་ཚོགས་ལ་དགའ་ཞེན་བྱེད་པའི་བརྩེ་སེམས་ཤིན་ཏུ་ཟབ་མོ་བཅས་ཡོད་པའི”ཆབ་སྲིད་ཀྱི་ཚད་གཞི་གཞིར་བཟུང་། དོ་དམ་ནན་པོ་དང་བརྩེ་སེམས་ཟབ་མོ་ཟུང་འབྲེལ་དང་། སྐུལ་ལྕག་དང་གཅུན་འདོམས་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱས་ཏེ། ལས་བྱེད་པའི་མི་དོན་ལམ་ལུགས་ཀྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་བས། ཏང་ཡོན་ལས་བྱེད་པས་སྐད་ཆ་དྲང་པོ་ཤོད་པ་དང་། བྱ་བ་དངོས་སྒྲུབ་པ། ཕན་འབྲས་དངོས་དོན་གཉེར་བྱེད་པ་བཅས་ཀྱི་དར་སྲོལ་ཞིག་ཆགས་ཏེ་སེམས་ཤུགས་གཅིག་སྒྲིལ་དང་ངར་ཤུགས་ཆེན་པོས་ལས་དོན་སྒྲུབ་པའི་རྣམ་པ་བཟང་པོ་ཞིག་གྲུབ་ཡོད།
འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཅིང་། 《རྒྱལ་ཡོངས་ཏང་སྲིད་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་གི་འཆར་འགོད་རྩ་གནད(2024ལོ་ནས་2028ལོ་བར)》ལག་བསྟར་དོན་འཁྱོལ་ནན་པོ་བྱས་ཏེ། གྲོང་ཁྱེར་དང་རྫོང་གི་ཏང་སྲིད་ཀྱི་འགོ་ཁྲིད་གཙོ་བོ་དང་བྱ་གཞག་ཚན་པའི་འགོ་ཁྲིད་མི་སྣའི་དཔུང་ཁག་འཛུགས་སྐྱོང་དང་། ཤང་དང་གྲོང་རྡལ་གྱི་འགོ་ཁྲིད་ལས་བྱེད་པ་འདེམས་སྤྱོད་ལས་དོན་ལ་ཤུགས་སྣོན་རྒྱག་པའི་བྱ་ཐབས་བཏོན་པ་དང་། ལས་བྱེད་པའི་ཆབ་སྲིད་བྱང་ཚད་ལ་དཔྱད་ཞིབ་དང་རྟོག་ཞིབ་བྱེད་པའི་བྱ་ཐབས་བཟོས་ནས་བཏོན་པ། ལས་བྱེད་པར་དབྱེ་ཞིབ་བརྡར་གཅོད་དང་། གྲོས་འགོ་འདོན་པ། དམངས་གཙོའི་འོས་སྦྱོར་སོགས་ཆ་ལག་ཚང་བའི་བྱ་ཐབས་ལྔ་བཟོས་ཏེ། རིམ་ཁག་འགོ་ཁྲིད་ཚན་ཁག་དང་ལྷག་པར་དུ“འགོ་གཙོ་དང་པོ”ལེགས་འདེམས་ཧྲག་སྒྲུག་བྱས་ཡོད།
ལས་བྱེད་པར་ཕྱོགས་ཡོངས་ནས་དོ་དམ་དང་རྒྱུན་དུ་ལྟ་སྐུལ་བྱེད་པར་ཤུགས་སྣོན་བརྒྱབ་ཅིང་། བསམ་བློར་དོ་དམ་དང་། ལས་དོན་ལ་དོ་དམ། སྤྱོད་ཚུལ་ལ་དོ་དམ། སྒྲིག་ཁྲིམས་ལ་དོ་དམ་བཅས་ཀྱི་ལས་བྱེད་པར་དོ་དམ་ནན་པོ་བྱེད་པའི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་ལས་བྱེད་པས་ལས་དོན་ལ་ལྟ་སྐུལ་བྱེད་པའི་མཉམ་འབྲེལ་ཚོགས་འདུའི་ལམ་སྲོལ་བཙུགས་ནས་ཆབ་སྲིད་ཀྱི་ལྟ་སྐུལ་ཞིབ་ཕྲ་ཅན་དང་། གནད་སྨིན་ཅན། རྒྱུན་རྣམ་ཅན་བཅས་ལ་སྐུལ་འདེད་བཏང་ཡོད།
ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ཞིང་། སྲིད་དོན་ལས་རྗེས་ལྟ་བའི་ཡོ་ཁྱད་འགོག་ཟོན་ནུས་ལྡན་དང་ཡོ་བསྲང་བྱེད་པའི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་གནས་ཚུལ་དེ་རྒྱུན་གཏན་གྱི་བརྟག་ཞིབ་དང་། དཔྱད་ཞིབ་རྟོག་ཞིབ། སྐོར་གཟིགས་སྐོར་ཞིབ། ལྟ་སྐུལ་ཞིབ་བཤེར། རྩིས་བཤེར་དག་ཐེར་ལྟ་སྐུལ་སོགས་ཀྱི་ནང་དོན་གལ་ཆེན་ནང་བཅུག་ནས། “སྲིད་དོན་ལས་རྗེས་ཀྱི་ལས་གྲྭ”དང་། “ངོ་སོའི་ལས་གྲྭ” “རྟགས་མཚོན་གྱི་ལས་གྲྭ”སོགས་ཀྱི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་། ངོས་འཛིན་ཡང་དག ཡོ་བསྲང་མཐའ་གཅིག་ཏུ་བཅས་བྱས་ཡོད།
ལས་བྱེད་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ཞིང་། རྒྱལ་ཡོངས་ཀྱི་གཞུང་ཞབས་པའི་དཔུང་ཁག་འཛུགས་སྐྱོང་འཆར་འགོད་རྩ་གནད་ལག་བསྟར་བྱེད་པའི་བྱེད་ཐབས་ཞིབ་ཕྲ་བཟོས་པ་དང་གཞུང་ཞབས་པ་ཡོངས་བསྒྲགས་འདེམས་སྒྲུག་བྱེད་ཐབས་བཏོན་ནས། གཞུང་ཞབས་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་བཏང་ཡོད། ས་བབ་མཐོ་བའི་ས་ཁུལ་གྱི་མིའི་ཚེ་སྲོག་བདེ་ཐང་གི་མཉམ་འབྲེལ་ཚོགས་འདུའི་ལམ་ལུགས་འཛུགས་པ་དང་ལས་ཞུགས་ལོ་ཚད་ཕབ་རྩིས་ཁ་གསབ་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་སྟེ། ས་བབ་མཐོ་བའི་ས་ཁུལ་ལ་དྲོད་རླངས་མཁོ་འདོན་དང་གསོ་རླུང་གཅིག་སྡུད་མཁོ་འདོན་བྱེད་པའི་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད།
ཤེས་ལྡན་པ་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཕུལ་བྱུང་ཤེས་ལྡན་པ་གཟེངས་སུ་ཐོན་པའི་ཁོར་ཡུག་བཟང་པོ་བཏོད་པ།
མི་རིགས་གཅིག་དང་། རྒྱལ་ཁབ་གཅིག ས་ཁུལ་གཅིག་བཅས་དར་རྒྱས་ཡོང་ཐུབ་མིན་གྱི་འགག་རྩ་ནི་ཤེས་ལྡན་པར་ཐུག་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པའི་མི་འབོར་དང་། མི་སེམས། ཤེས་ལྡན་པ་སོགས་གཏིང་ཟབ་པའི་གནད་དོན་ལ་དམིགས་ཏེ། ཤེས་ལྡན་པར་བརྟེན་ནས་ལྗོངས་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་པ་དང་ཏང་ཨུད་ཀྱི་ཤེས་ལྡན་པའི་ལས་དོན་ཚོགས་འདུ་འཚོགས་ནས། 《དུས་རབས་གསར་པའི་བོད་ཀྱི་ཤེས་ལྡན་པའི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བྱེད་ཐབས་འགའ་ཞིག(ཚོད་ལྟའི་ལག་བསྟར)》བཏོན་ཏེ“གསོ་སྐྱོང་དང་། གདན་ཞུ། བཀོལ་སྤྱོད། གནས་ཐུབ་པ”བཅས་ཀྱི་འདུ་འགོད་ཆེན་པོ་བཞིར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། འཁོར་འབྲེལ་ཧྲིལ་པོའི་ཤེས་ལྡན་པའི་ལས་ཀའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། “ཇོ་མོ་གླང་མའི་ཤེས་ལྡན་པའི”འཆར་གཞི་བཀོད་སྒྲིག་ལག་བསྟར་བཅས་བྱས་ནས། ཕུལ་བྱུང་ཤེས་ལྡན་པ་སྔར་བས་མང་བ་བོད་དུ་ལས་སྒྲུབ་ལས་གཏོད་དང་བློ་གྲོས་ལེགས་སྐྱེས་སུ་འབུལ་བར་ཡོང་རྒྱུའི་ཡིད་དབང་བཀུག་པས་ཤེས་ལྡན་པའི་གྲངས་འབོར་སྔར་བས་མང་དུ་དང་སྤུས་ཚད་སྔར་བས་མཐོ་རུ་ཕྱིན་ཡོད།
ཤེས་ལྡན་པར་བརྩི་བཀུར་དང་། དགའ་ཞེན། གཅེས་སྤྲས་བཅས་ཀྱི་རྣམ་པ་བཟང་པོ་བཏོད་ཅིང་། འགོ་ཁྲིད་ལས་བྱེད་པས་རིགས་གཅིག་མཁས་ཅན་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་སྣ་མང་ཅན་གྱི་ཤེས་ལྡན་པར་མ་དངུལ་གཏོང་བའི་འགན་སྲུང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། “གཅིག་འཐུས་རྣམ་པའི”ཞབས་ཞུའི་ལས་སྟེགས་དང་ཤེས་ལྡན་པའི་དུས་འཁོར་ཧྲིལ་པོའི་ཞབས་ཞུའི་མ་ལག་བཏོད་ཡོད། མི་སྤྱོད་ཚན་པའི་རང་བདག་དབང་ཆའི་སྒྱུར་བཅོས་ཟབ་ཏུ་བཏང་ནས་ཤེས་ལྡན་པ་གདན་འདྲེན་ཞུ་བའི་རང་བདག་དབང་ཆ་ས་ཁུལ་དང་གྲོང་ཁྱེར་དང་། མཐོ་སློབ་ཁག་གཅིག ཚན་རིག་ཞིབ་འཇུག་ཁང་དང་སུའོ། སྨན་ཁང་བཅས་ལ་གཤམ་སྤྲོད་བྱས་ཏེ་ལྟ་འདོམས་ལམ་སྲོལ་ནུས་ལྡན་བཙུགས་ནས་གཤམ་སྤྲོད་ཐུབ་པ་དང་། དང་ལེན་ཐུབ་པ། བེད་སྤྱོད་ཡག་པོ་ཐུབ་པ་བཅས་ཡོང་བའི་འགན་ལེན་བྱས་ཡོད།
སྲོལ་ལུགས་གཅིག་གི་འཆིང་རྒྱ་ལས་བསྒྲལ་ཏེ་ཤེས་ལྡན་པ་བཀོལ་སྤྱོད་ཡག་པོ་བྱས་ཤིང་། ཡིད་རྟོན་རྨང་གཞིར་བྱས་པའི་ཤེས་ལྡན་པ་བཀོལ་སྤྱོད་ལམ་སྲོལ་བཙུགས་ནས། ཕུལ་བྱུང་ཆེད་ལས་ལག་རྩལ་ཤེས་ལྡན་པ་40ལྷག་ཙམ་ས་གནས་དང་ཐིང་རིམ་པའི་འགོ་ཁྲིད་པའི་ལས་གནས་སུ་གོ་གནས་སྤར་བ་དང་། ཕུལ་བྱུང་རིམ་པ་མཐོ་བའི་ཤེས་ལྡན་པ་80ལྷག་ཙམ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་རིམ་པའི་ཚན་རིག་ཞིབ་འཇུག་ལས་སྟེགས་དང་ཚན་རིག་ཞིབ་འཇུག་ལས་ཁུངས་ཀྱི་འགན་འཁུར་བའམ་ཡང་ན་ཚན་རྩལ་རྣམ་གྲངས་ཀྱི་འགན་འཁུར་བར་བསྐོ་གཞག་བྱས་པ། ཚན་རྩལ་རྐང་འཛིན་ཤེས་ལྡན་པ་2100ལྷག་ཙམ་རང་སྐྱོང་ལྗོངས་ཀྱི་གཙོ་གནད་ཚན་རྩལ་རྣམ་གྲངས་ནང་ཧུར་ཐག་ཞུགས་ནས་རིགས་ཁག་གི་ཤེས་ལྡན་པས་བྱང་ཆུབ་པའི་ཁྱབ་ཁོངས་དང་ཆེད་ལས་ལས་གནས་སུ་གྲུབ་འབྲས་མང་པོ་དང་ཡག་པོ་གཏོད་པར་སྐུལ་འདེད་བཏང་ཡོད། གཞོན་དར་རྐང་འཛིན་ཤེས་ལྡན་པ་600ཙམ“ནུབ་རྒྱུད་འོད་སྣང”དང“བོད་ཀྱི་དམིགས་བསལ་གསོ་སྦྱོང”ལ་མངགས་ནས་ལྗོངས་ཕྱིར་སློབ་སྦྱོང་དང་ཞིབ་སྦྱོང་དུ་ཞུགས་ཡོད། 2021ལོ་ནས་བཟུང་། ལྗོངས་ཡོངས་ཀྱི་རིམ་པ་མཐོ་བའི་ཤེས་ལྡན་པ་10ལྷག་ཙམ་རྒྱལ་ཁབ་རིམ་པའི་ཤེས་ལྡན་པའི་འཆར་གཞིར་བདམས་པ་དང་2023ལོར་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཉི་མ་བཀྲ་ཤིས་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིར་བདམས་པ་དེ་ནི་ལོ་22སོང་རྗེས་བོད་ནས་ཐོན་པའི་ཡོན་ཧྲི་གཉིས་པ་དེ་རེད།
གཞི་རིམ་ལ་དམ་འཛིན་ཤུགས་ཆེན་བྱེད་པའི་ཁ་ཕྱོགས་གསལ་པོ་བརྟན་པོར་བཙུགས་ནས་ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་པ།
གཞི་རིམ་ཏང་རྩ་འཛུགས་ནི་ཏང་གི་འཐབ་འཛིང་ནུས་པ་ཡོངས་ཀྱི་རྨང་གཞི་ཡིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་གཙོ་གནད་གཤམ་སྒྱུར་དང་། སྟོབས་ཤུགས་གཤམ་སྒྱུར། འགན་ལེན་གཤམ་ཕྱོགས་བཅས་མཐའ་འཁྱོངས་བྱས་ཏེ་འགག་རྩའི་གནས་དང་གཙོ་གནད་ཁྱབ་ཁོངས་ཀྱི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། དྲ་མིག་ཅན་གྱི་དོ་དམ་འཐུས་སྒོ་ཚང་དུ་གཏོང་བ། རྨང་རྩ་གཉིས་བརྟན་གྱི་ལས་དོན་ལ་དམ་འཛིན་ཏན་ཏིག་དང་ཞིབ་ཕྲ་བཅས་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་འདི་ཉིད་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། མང་ཚོགས་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱེད་པ། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ། མཐའ་མཚམས་ཀྱི་མངའ་ཁོངས་ས་ཆ་སྲུང་བ། ཁ་ཕྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་བྱེད་པ་བཅས་ཀྱི་འཐབ་འཛིང་བཙན་རྫོང་བརྟན་པོ་ཞིག་ཏུ་ཧུར་ཐག་བསྐྲུན་ཡོད།
རྩ་འཛུགས་དར་རྒྱས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་ཁྲིད་སྟོན་མཐའ་འཁྱོངས་བྱས་ཤིང་། ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་གྲོང་གསེབ་དར་རྒྱས་ཡོང་བར་སྐུལ་འདེད་གཏིང་ཟབ་བཏང་སྟེ། གཞི་རིམ་ཏང་འཛུགས་སྐྱོང་གི་དཔེ་སྟོན་ས་ཚིགས་ལ་མིང་བཏགས་གཟེངས་བསྟོད་བྱེད་པ་དང་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ལ་གྲལ་བཤེར་བཅོས་སྒྲིག་རྒྱུན་རྣམ་ཅན་གྱི་སྒོ་ནས་བྱས་ཡོད། གྲོང་ཚོའི་ལས་བྱེད་པའི་གླ་ཕོགས་དང་ཐོབ་ཐང་སྤོར་བའི་ལམ་སྲོལ་བཙུགས་ནས་ལོ་གསུམ་བསྟུད་མར་གླ་ཕོགས་མཐོ་རུ་དང་ཐོབ་ཐང་ལེགས་སུ་བཏང་ཡོད། “ཏང་འཛུགས་སྐྱོང་དང་རིག་གནས་ཡུལ་སྐོར་ཟུང་དུ་འབྲེལ་བ”དང“གསེར་སྙེ་ཞིང་ཕན་ཀུན་ཁྱབ”ཀྱི་ཀུན་ཕན་དངུལ་རྩའི་ཞབས་ཞུ་སོགས་ཁྱབ་གདལ་བཏང་ནས“ཞིང་ལས་དང་། རིག་གནས། ཡུལ་སྐོར”མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། ལྗོངས་ཡོངས་ཀྱི་གྲོང་ཚོའི་རྐང་འཛིན་ལས་བྱེད་པའི་ཚོགས་འདུར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྤྱོད་པའི་བསྡུར་ཚད་92.5%ཟིན་ཡོད།
ཏང་ཡོན་གྱི་སློབ་གསོ་དོ་དམ་དང་འཇོན་ཐང་འདོན་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཞིང་། ལོ་འཁོར་གྱི་ཏང་ཡོན་འཕེལ་རྒྱས་གཏོང་བའི་མཛུབ་ཁྲིད་རང་བཞིན་གྱི་འཆར་གཞི་བཟོས་པས་ལྗོངས་ཡོངས་ཀྱི་ཏང་ཡོན་གྱི་གྲངས་འབོར་གྱིས་མི་འབོར་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད། ཆོས་ལ་དད་པ་བྱེད་མཁན་ཏང་ཡོན་ལ་ཐག་གཅོད་བྱེད་ཐབས་བཏོན་ནས་ཚད་མི་ལོན་པའི་ཏང་ཡོན་ལ་རྒྱུན་རྣམ་དང་ཡུན་རིང་གི་གྲལ་བཤེར་ཐག་གཅོད་བྱས་ཡོད། རྒྱལ་ཡོངས་ཀྱི་ཏང་ཡོན་གྱི་སློབ་གསོ་གསོ་སྦྱོང་ལས་དོན་གྱི་འཆར་འགོད་ལག་བསྟར་བསམ་འཆར་བཟོས་ནས་ལག་ལེན་བསྟར་ཏེ་རིམ་དབྱེ་རིགས་དབྱེའི་ཏང་ཡོན་གྱི་ཆེད་དོན་གསོ་སྦྱོང་ལ་དམ་འཛིན་ཡག་པོ་བྱས་ཡོད།
མཐུན་སྦྱོར་ནུས་ཆེའི་རྩ་དོན་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་ཚན་རིག་དང་མཐུན་པའི་ལས་ཁུངས་ཀྱི་འགན་ནུས་མ་ལག་མགྱོགས་མྱུར་བཙུགས་པ།
ལས་ཁུངས་སྒྲིག་ཁོངས་ཀྱི་ལས་དོན་ནི་ཏང་གི་སྲིད་སྐྱོང་ནུས་པ་དང་རྒྱལ་ཁབ་ཀྱི་སྲིད་དབང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལས་དོན་གལ་ཆེན་ཞིག་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བོད་ཀྱི་ལྗོངས་བབ་ལ་གཞི་བཙུགས་ནས《ཀྲུང་གོ་གུང་ཁྲན་ཏང་གི་ལས་ཁུངས་སྒྲིག་ཁོངས་ལས་དོན་སྲོལ་ཡིག》དང《ལས་ཁུངས་སྒྲིག་ཁོངས་ལྟ་སྐུལ་ཞིབ་བཤེར་ལས་དོན་བྱ་ཐབས》ཀྱི་ལག་བསྟར་ཞིབ་སྲོལ་བཟོས་ནས་ལག་ལེན་བསྟར་ཏེ། སྒྲིག་གཞིའི་ཐོན་ཁུངས་སྣ་ཚོགས་སྤྱི་འདོམས་ངང་ཡག་པོ་སྤྱད་ནས་ལས་ཁུངས་སྒྲིག་བཀོད་དང་འགན་ནུས་བཀོད་སྒྲིག་རྒྱུན་ཆད་མེད་པར་ལེགས་སུ་བཏང་ཡོད།
ཏང་སྲིད་ལས་ཁུངས་སྒྱུར་བཅོས་ཟབ་ཏུ་བཏང་ཞིང་། རང་སྐྱོང་ལྗོངས་ཀྱི་ལས་ཁུངས་སྒྱུར་བཅོས་ཇུས་གཞི་བཟོས་ནས་འགན་འཁྲི་དང་ལས་འགན་ཁག་183སྡེ་ཚན་དང་ཚན་པར་ཞིབ་ཚགས་སུ་བཏང་བ་དང་། ས་ཁུལ་དང་། སྡེ་ཚན། རིམ་པ་བཅས་ལས་བརྒལ་བའི་སྒྲིག་ཁོངས་ཐོན་ཁུངས་སྤྱི་འདོམས་བཀོད་སྒྲིག་བྱས་ནས། ལྗོངས་ཐད་གཏོགས་ཀྱི་ཏང་སྲིད་ལས་ཁུངས་ལེགས་སྒྲིག་དང་ལེགས་སུ་བཏང་བ་དང་། གྲོང་ཁྱེར་རིམ་པའི་ཏང་སྲིད་ལས་ཁུངས་བསྡུ་སྒྲིལ་དང་ལེགས་སུ་བཏང་བ། རྫོང་རིམ་པའི་ཏང་སྲིད་དམངས་ཀྱི་ལས་ཁུངས་ཕྱོགས་བསྡུས་ངང་བཙུགས་པ། ཁྲུའུ་དང་ཁང་ཆེན་པོ་དང་ཁོ་ཧྲི་ཆེན་པོའི་ལམ་ལུགས་ཁྱབ་གདལ་བཏང་བ། ཤང་དང་གྲོང་རྡལ་གྱི་སྲིད་འཛིན་དང་བྱ་གཞག་སྒྲིག་ཁོངས་མི་སྣ་སྤྱི་འདོམས་ངང་སྤྱོད་པ་བཅས་བྱས་པས། ལྗོངས་ཡོངས་ཀྱི་ལས་ཁུངས་ཀྱི་འགན་ནུས་དེ་བས་བདེ་བླག་དང་སྒྲིག་ཁོངས་བཀོལ་སྤྱོད་དེ་བས་ནུས་ཆེ་བྱུང་ཡོད།