དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
—— བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ལ་བཅར་འདྲི་ཞུས་པ།
2021ལོའི་ཟླ་7པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་དགོས་ཞེས་ནན་བཤད་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ངར་སེམས་ཆེར་སྐྱེད་ཀྱིས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ཧུར་ཐག་བྱས་ཏེ་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་ཐུན་མོང་ཐོག་མངོན་འགྱུར་བྱེད་བཞིན་ཡོད། བོད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་དང་། ལྷག་པར་དུ་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་གཏོད་དང་། ཁྱད་ལྡན་ལེགས་ཆའི་ཐོན་ལས་དང་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས། རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ལྷ་ས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་ཀྱི་སྐོར་ལ་གསར་འགོད་པས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ལ་བཅར་འདྲི་ཞུས་པ་ཡིན།
གསར་འགོད་པ། ལོ་3ལྷག་ཙམ་རིང་དང་། ལྷག་པར་དུ་བོད་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། བོད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ལྷག་པར་དུ་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་གཏོད་ཐད་དགེ་མཚན་ལྡན་པའི་ཕན་འབྲས་གང་དག་ཐོན་ཡོད་དམ།
ཝང་ཅུན་ཀྲེང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་གཙོ་སྐྱོང་གནང་བ་དང་། སྐུ་ངོ་མ་བོད་ལ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་གནང་བ་དང་། “བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་དོན་ཆེན་བཞི་ཁ་གསལ་བཏོན་གནང་བ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་དམིགས་ཚད་བཏོན་གནང་བ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་གྱི་འཐབ་ཇུས་ལས་འགན་བཀོད་སྒྲིག་གནང་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་དམིགས་ཚད་དང་ཐབས་ལམ་ཁ་གསལ་བཟོས་པ་དང་། ང་ཚོས་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།
བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལ་བརྟེན་ནས་བོད་ཀྱི་ལས་དོན་སྤྱི་ཡོངས་ལ་གཅིག་འདོམས་མཐའ་འཁྱོངས་བྱས་ཏེ། 2021ལོའི་ཟླ་11པར་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ནས“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞི་དེ་དག“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་དཔེ་སྟོན་ཁུལ་བཅས་འཛུགས་གཏོད་བྱེད་པའི”ཞིབ་ཕྲའི་འབད་འཐབ་དམིགས་ཚད་དུ་བསྒྱུར་ཏེ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློ་དང་བྱ་སྤྱོད་སྔར་བས་གཅིག་གྱུར་བྱས་ཡོད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ“དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་རྒྱག་པ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་གཞག་ཁག་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད། མིག་སྔར། བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་དང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཡོད་པ་མ་ཟད། དར་རྒྱས་གོང་འཕེལ་དང་གསོན་ཤུགས་རབ་ཏུ་རྒྱས་པའི་རྣམ་པ་བཟང་པོ་མངོན་བཞིན་ཡོད།
བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ལ་དམིགས་ནས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་། འཕེལ་རྒྱས་ཚང་མར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་ལྡན་དགོས་པ་དང་། ཚང་མར་གཅིག་གྱུར་ལ་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་དོན་སྙིང་ལྡན་དགོས་པ། ཚང་མར་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་དོན་སྙིང་ལྡན་དགོས་པ། ཚང་མས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་འགྲོ་བར་ཕན་འདོགས་དགོས་པ་བཅས་བྱེད་རྒྱུ་མཐའ་འཁྱོངས། འཕེལ་རྒྱས་ཀྱི་བཀོད་པ་ལེགས་སུ་གཏོང་བ་འཇུག་གཞིར་བྱེད་པ་དང་། རྒྱུ་རྐྱེན་གཙོ་བོ་དང་སྒྲིག་བཀོད་འཛུགས་སྐྲུན་འདེགས་སྐྱོར་དུ་བྱེད་པ། ལམ་ལུགས་དང་ལམ་སྲོལ་འགན་སྲུང་དུ་བྱེད་པ་བཅས་བྱས་ནས་དཔལ་འབྱོར་སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་འཕར་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་གཏོད་ལ་རྒྱུན་ཆད་མེད་པར་ཕན་འབྲས་གསར་པ་ཐོབ་པར་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་སྐྲུན་པར་དེ་བས་བརྟན་པའི་དངོས་པོའི་རྨང་གཞི་བཏིང་ཡོད།
དཔལ་འབྱོར་འཕེལ་རྒྱས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། 2021ལོར་GDPསྒོར་དུང་ཕྱུར་2000གི་འགག་སྒོ་ཆེན་མོ་ལས་བསྒྲལ་བའི་རྨང་གཞིའི་ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་ནས་སྲིད་ཇུས་ཀྱི་ལེགས་ཆ་དང་། ཐོན་ཁུངས་ཀྱི་ལེགས་ཆ། རྗེས་ཐོན་ཁྱད་ཡོན་བཅས་དེ་བས་ལེགས་པ་བཏོན་ཏེ་ཐོན་སྐྱེད་ནུས་ཤུགས་སྔར་བས་བཅིངས་འགྲོལ་དང་འཕེལ་རྒྱས་བཏང་བ་དང་། 2024ལོར་GDPསྒོར་དུང་ཕྱུར་2764.94བར་འཕར་ནས་32.9%འཕར་བ་དང་། མི་རེའི་ཆ་སྙོམས་GDPསྒོར་ཁྲི་7.52ཟིན་ཏེ་32.4%འཕར་བ་དེ་སྔོན་ཆད་དང་བསྡུར་ན་ཡར་རྒྱས་ཆེན་པོ་ཕྱིན་པ་དང་ད་ལྟ་དང་བསྡུར་ན་འཕར་ཚད་མགྱོགས་སུ་ཕྱིན་ནས་བྱ་གཞག་ཁག་འཕེལ་རྒྱས་མྱུར་པོ་འགྲོ་བའི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། 2025ལོའི་དུས་ཚིགས་དང་པོར་བོད་ཀྱི་GDP7.9%འཕར་བ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་27.7%འཕར་བ། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་17.9%ཟིན་ཏེ་དཔལ་འབྱོར་གྱི་སྟོན་གྲངས་གཙོ་བོའི་འཕར་ཚད་བསྟུད་མར་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།
དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད། ཐོན་ལས་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སྒྲིག་བྱས་པ་དང་། སྲོལ་རྒྱུན་ཐོན་ལས་སྤུས་འབྲས་ལེགས་གཉེར་རྒྱུན་མཐུད་བྱུང་བ། གསར་དར་ཐོན་ལས་སྐྱེད་སྲིང་གི་ཕན་འབྲས་མངོན་གསལ་དོད་པ། ནུས་རྒྱུ་གཙང་མ་དང་། ལྗང་མདོག་བཟོ་ལས། རིག་གནས་ཡུལ་སྐོར་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཆེན་པོ་དགུ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ། དཔལ་འབྱོར་འཕེལ་རྒྱས་ལ་ཚན་རྩལ་གྱི་འདེགས་སྐྱོར་བྱེད་ནུས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། བསྐྲུན་ཟིན་པ་དང་སྐྲུན་བཞིན་པའི་གློག་ཤུགས་ཀྱི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཤུགས་ཆན་ཝ་ཁྲི་2700ལས་བརྒལ་བ། རིམ་རྩིས་བྱས་ན་རང་བརྟེན་ཞིབ་སྤེལ་བྱས་པའི་ས་མཐོའི་ཐབ་ཆས་ཁྲི་117བཙོངས་པ། ཐོན་ཁུངས་ཀྱི་ལེགས་ཆ་རྒྱུན་ཆད་མེད་པར་འཕེལ་རྒྱས་ཀྱི་ལེགས་ཆར་སྒྱུར་བ། 2024ལོའི་སྤྱིར་བཏང་གི་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་དུས་མཚུངས་ལས་17.1%འཕར་བ་བཅས་རེད།
དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད། དཔལ་འབྱོར་འཕེལ་རྒྱས་ལ་རྣམ་གྲངས་གལ་ཆེན་གྱི་འདེགས་སྐྱོར་བྱེད་ནུས་དེ་བས་ཆེ་རུ་ཕྱིན་ནས་བོད་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཆེན་པོ་བྱས་ཡོད། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་། ཚོང་འགུགས་མ་འདྲེན་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་ཕྱིན་པ། ནང་ཁུལ་དང་ཕྱི་ཕྱོགས་སྒོ་དབྱེའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ། 2024ལོར་དམངས་ཁྲོད་ཀྱི་མ་འཇོག་46.4%འཕར་བ། ཁྲོམ་རའི་བྱེད་པོ་དུས་མཚུངས་ལས་11.43%འཕར་བ་བཅས་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱུན་ཆད་མེད་པར་མངོན་ཡོད།
མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཤུགས་ཆེན་ཕྱིན་ཡོད། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱས་ནས་མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་དག་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱས་པ་དང་། ལས་ཞུགས་དང་། སློབ་གསོ། སྨན་བཅོས་སོགས་ཀྱི་དམངས་འཚོའི་འདུ་འགོད་ལག་བསྟར་གཏིང་ཟབ་བྱས་པ། དམངས་འཚོའི་དོན་དངོས་ཡག་པོ་སྒྲུབ་པ། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་གཏིང་ཟབ་བྱུང་བ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་འགྲིམ་འགྲུལ་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་གནད་དོན་ལ་ལེགས་བཅོས་ཆེན་པོ་བྱུང་བ། 2024ལོའི་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་8.3%འཕར་བ་བཅས་བྱུང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།
གསར་འགོད་པ། ན་ནིང་བོད་ཀྱིས་ལྗོངས་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་ཚོགས་ཆེན་འཚོགས་པ་རེད། རིག་གནས་ཡུལ་སྐོར་ཐོན་ཁུངས་ཧ་ཅང་འབེལ་བའི་ས་ཁུལ་ཡིན་པའི་བོད་ཀྱིས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན་གཏོད་པའི་ཐད་བྱ་ཐབས་གང་བཏོན་པ་དང་བཀོད་སྒྲིག་གང་དག་བྱས་ཡོད་དམ།
ཝང་ཅུན་ཀྲེང་། བོད་ལ་ལོ་རྒྱུས་ཡུན་རིང་དང་འོད་སྟོང་འཕྲོ་བའི་རིག་གནས་ཡོད་ལ། རང་བྱུང་མཛེས་ལྗོངས་ཀྱང་ས་ཆ་གཞན་ལ་མཐོང་དཀོན་པ་དང་མི་ཆོས་རིག་གནས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་བྱ་ཡུལ་གལ་ཆེན་ཞིག་དང་འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན་ཞིག་ཡིན་པས། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བར་ཐུན་མོང་མ་ཡིན་པའི་ལེགས་ཆ་ལྡན་ཡོད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན་ང་ཚོས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་ལག་བསྟར་ནན་ཏན་དང་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པར་མཐོང་ཆེན་བྱས་ཏེ་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་བཏོན་པ་དང་། རྣམ་གྲངས་ཁག་གཅིག་སྔ་རྗེས་སུ་ལག་ལེན་བསྟར་བར་སྐུལ་འདེད་བཏང་་བ། སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་ལྗོངས་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པ་མངོན་པར་སྐུལ་འདེད་བཏང་ཡོད། 2024ལོར་ལྗོངས་ཡོངས་ཀྱི་རིག་གནས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་23.8%འཕར་བ་དང་། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་15.81%འཕར་བ། ཡུལ་སྐོར་འགྲོ་སོང་བསྡོམས་འབོར་14.5%འཕར་བ་བཅས་དང་། ད་ལོའི་དུས་ཚིགས་དང་པོར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་11.7%འཕར་ཡོད།
དེ་དང་ཆབས་ཅིག བོད་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་ལ་ད་དུང་འཕེལ་རྒྱས་ཀྱི་བར་མཐོངས་ཧ་ཅང་ཆེན་པོ་ལྡན་པ་ང་ཚོས་གསལ་པོ་མཐོང་བྱུང་། ང་ཚོས་ལས་ཀའི་ཉམས་མྱོང་ལ་རྒྱུན་ཆད་མེད་པར་ཕྱོགས་སྡོམ་དང་སྔོན་ཐོན་དཔེ་མཚོན་ལ་སློབ་སྦྱོང་དང་དཔྱད་གཞིར་བཟུང་སྟེ་ལྗོངས་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་འཕེལ་རྒྱས་ཚོགས་ཆེན་འཚོགས་ནས། རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཏེ། སྲིད་གཞུང་གི་ཁྲིད་སྟོན་དང་ཁྲོམ་རའི་འཁོར་སྐྱོད་གལ་ཆེ་མཉམ་དུ་འཛིན་པ་དང་། རྒྱུན་འཛིན་དང་དཔྱད་གཞིར་འཛིན་པ་དང་སྒྱུར་བཅོས་གསར་གཏོད་གལ་ཆེ་མཉམ་དུ་འཛིན་པ། ཁྱད་པར་ཅན་གྱི་འགྲན་རྩོད་དང་སྒོ་དབྱེ་མཉམ་ལས་གལ་ཆེ་མཉམ་དུ་འཛིན་པ། རིག་གནས་ཡུལ་སྐོར་གསར་སྤེལ་དང་ཁོར་ཡུག་སྲུང་སྐྱོང་གལ་ཆེ་མཉམ་དུ་འཛིན་པ་བཅས་མཐའ་འཁྱོངས་ཀྱིས་བོད་ཀྱི་ཡུལ་སྐོར་དེ་སྤྲོ་གསེང་ཡུལ་སྐོར་ནས་རིག་གནས་ཡུལ་སྐོར་ལ་བསྒྱུར་རྒྱུ་དང་། མཛེས་ལྗོངས་ཡུལ་སྐོར་ནས་སྤྲོ་གསེང་ཉམས་ལེན་གཏིང་ཟབ་བྱེད་པའི་ཡུལ་སྐོར་ལ་བསྒྱུར་རྒྱུ། “སྒོ་འཛིན་དཔལ་འབྱོར”ནས་ཐོན་ལས་དཔལ་འབྱོར་ལ་བསྒྱུར་རྒྱུ་བཅས་ལ་སྐུལ་འདེད་གཏོང་དགོས་པ་བཏོན་ཡོད།
འཆར་འགོད་སྔོན་ལ་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། ཐོན་ཁུངས་ནི་རྩ་བ་དང་། ཁྱད་ཆོས་ནི་གཞི་མ། རིག་གནས་ནི་བླ་སྲོག ཁྲོམ་ར་ནི་ཕྱོགས་སྟོན་བཅས་ཡིན་པ་མཐའ་འཁྱོངས་ཀྱིས་རང་བྱུང་ཐོན་ཁུངས་དང་། མི་ཆོས་རིག་གནས་ཐོན་ཁུངས། ས་བབ་ཀྱི་ལེགས་ཆ། ཐོན་ལས་ཀྱི་བཀོད་པ་དང་གཞི་རྒྱུའི་འགན་སྲུང་བཅས་ལ་ཕྱོགས་བསྡུས་བསམ་གཞིགས་བྱེད་པ་དང་། འགོ་འཛུགས་ས་མཐོ་པོ་ནས་ཡུལ་སྐོར་འཆར་འགོད་ལས་དོན་ཡག་པོ་སྒྲུབ་པ། རིག་གནས་ཡུལ་སྐོར་ཐོན་ལས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཞི་གཅིག་ཏུ་མཉམ་འདྲེས་བྱེད་པ། འགྲུབ་ཐུབ་བཟོ་ཡོད་པ་དང་དོན་དངོས་ཟུང་འབྲེལ་བཅས་བྱས་ཏེ། ཚད་གཞི་མཐོ་བ་དང་འགོ་འཛུགས་ས་མཐོ་བའི་རིག་གནས་ཡུལ་སྐོར་གྱི་ཐོན་ལས་འཆར་འགོད་ཡག་པོ་བྱེད་དགོས།
མཉམ་འདྲེས་འཕེལ་རྒྱས་མཐའ་འཁྱོངས་བྱེད་དགོས་པ། རིག་གནས་ནི་ཡུལ་སྐོར་གྱི་བླ་སྲོག་ཡིན་པ་དང་ཡུལ་སྐོར་ནི་རིག་གནས་ཀྱི་གཞི་རྟེན་ལྟ་བུ་ཡིན། རིག་གནས་ལ་བརྟེན་ནས་ཡུལ་སྐོར་གཏོད་པ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། བོད་ཀྱི་རང་བྱུང་མཛེས་ལྗོངས་དང་ཁྱད་ལྡན་རིག་གནས་ཟུང་འབྲེལ་བྱེད་པ། བོད་ཀྱི་རིག་གནས་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱེད་པ། མངོན་མིན་རིག་གནས་ཤུལ་བཞག་གི་མཛེས་ལྗོངས་ཁུལ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། ཡུལ་སྐོར་ལམ་ཐིག་རྩེ་གྲ་དང་ཡུལ་སྐོར་ཐོན་རྫས་དེ་བས་མང་བ་གཏོད་པ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ལས་རྣམ་མཉམ་འདྲེས་དང་། ཐོན་རྫས་མཉམ་འདྲེས། ཁྲོམ་ར་མཉམ་འདྲེས་བཅས་མགྱོགས་སུ་བཏང་ནས། ཐོན་ལས་འཁོར་འབྲེལ་དང་རིན་ཐང་འཁོར་འབྲེལ་དེ་མཐོ་འབྲིང་གྲས་སུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་དགོས།
ས་ཁོངས་མཉམ་འགུལ་མཐའ་འཁྱོངས་བྱེད་དགོས་པ། ཐོན་ཁུངས་མཉམ་སྤྱོད་དང་། ཐོན་རྫས་མཉམ་སྐྲུན། གཟུགས་བརྙན་མཉམ་བསྒྲགས། ཁྲོམ་ར་མཉམ་སྐྱེད་བཅས་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་ཡུལ་སྐོར་ཐོན་ཁུངས་ཀྱི་ཁྱད་པར་རང་བཞིན་དང་དམིགས་བསལ་རང་བཞིན་མངོན་གསལ་དོད་དུ་བཏང་སྟེ་ས་ཁོངས་ཡུལ་སྐོར་གྱི་སྤུས་རྟགས་གཏོད་པ་མ་ཟད། ས་ཁོངས་ཡུལ་སྐོར་མཉམ་འགུལ་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་པ་དང་མཉམ་དུ་ཡུལ་སྐོར་ལམ་ཐིག་རྩེ་གྲ་གཏོད་པ་དང་། གཙོ་གནད་འབུར་ཐོན་དང་ཕྱོགས་ཡོངས་ལ་སྐུལ་ཁྲིད་བྱེད་པ། ཡུལ་སྐོར་ལམ་ཐིག་ཇུས་འགོད་དང་གསར་སྤེལ་ཞིབ་ཚགས་བྱེད་པ། མཛེས་ལྗོངས་ཁུལ་རྩེ་གྲ་ཁག་གཅིག་ཧུར་ཐག་སྐྲུན་པ་བཅས་བྱས་ཏེ། རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་བར་མཐོངས་ཀྱི་བཀོད་པ་གསར་པ་གང་མགྱོགས་ཆགས་པར་བྱེད་དགོས།
མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། ཡུལ་སྐོར་གྱི“ཟ་སྡོད་སྐྱོད་གསུམ་དང་། སྐོར་ཉོ་རོལ་གསུམ”གྱི་རྒྱུ་རྐྱེན་དྲུག་ལ་དམ་པོར་དམིགས་ཏེ། ཡུལ་སྐོར་ཐོན་རྫས་དང་མཁོ་སྤྲོད་བྱེད་སྟངས་རིམ་འཇུག་རིམ་སྤོར་བྱེད་པ་དང་། ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པ། མཛེས་ལྗོངས་ཁུལ་འཐུས་སྒོ་ཚང་དུ་གཏོང་བ། རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ནས། ཡུལ་སྐོར་བའི་ཡིད་དབང་འགུག་ཐུབ་པ་དང་། སྡོད་འདོད་པ། ཐོན་རྫས་བྲིན་པ་བཅས་བྱེད་དགོས། ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ས་ཁོངས་རང་བཞིན་གྱི་འགྲིམ་འགྲུལ་གཞུང་ལམ་དྲ་བ་ལེགས་སུ་གཏོང་བ། ཡུལ་སྐོར་སྐོར་ལམ་གྱི་འགྲིམ་འགྲུལ་འཇུར་མིག་སེལ་བ་བཅས་བྱས་ཏེ་ཡུལ་སྐོར་འགྲུལ་སྐྱེལ་ཁྲོམ་རའི་མཁོ་སྤྲོད་འགན་སྲུང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཡུལ་སྐོར་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་འཁོར་འབྲེལ་ཧྲིལ་པོའི་ཡུལ་སྐོར་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས་ཡུལ་སྐོར་བས་རིག་གནས་ཡུལ་སྐོར་ཉམས་ལེན་བྱེད་སྐབས་ཁོང་ཚོའི་མིག་དབང་འགུག་ཐུབ་པ་མ་ཟད། དེ་བས་ཡིད་དབང་ཡང་འགུག་ཐུབ་པར་བྱེད་དགོས།
མཉམ་ལས་གཉིས་ཁེ་མཐའ་འཁྱོངས་བྱེད་དགོས་པ། ཚོང་གཉེར་ཁོར་ཡུག་ལེགས་སུ་རྒྱུན་མཐུད་བཏང་སྟེ། ལྗོངས་ནང་ཁུལ་གྱི་གྲོང་སྦྲེལ་ཡུལ་སྐོར་མཐུན་སྦྱོར་འཕེལ་རྒྱས་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས་བརྒལ་བའི་ཡུལ་སྐོར་རོགས་ལས་འཕེལ་རྒྱས། རྒྱལ་སྤྱིའི་ཡུལ་སྐོར་མཉམ་ལས་འཕེལ་རྒྱས་བཅས་ལ་སྐུལ་འདེད་བཏང་ནས་ཡུལ་སྐོར་ཞབས་ཞུའི་ཆུ་ཚད་དེ་རྒྱལ་སྤྱི་ཀུན་ཏུ་སྤྱོད་པའི་ཚད་གཞི་དང་འབྲེལ་མཐུད་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། ཕྱི་ཕྱོགས་ཡུལ་སྐོར་སྒོ་དབྱེ་རྒྱ་ཆེར་གཏོང་བ་དང་ཕྱི་རྒྱལ་གྱི་ཡུལ་སྐོར་བ་བོད་དུ་ཡོང་ནས་གང་སར་ལྟ་བར་བསྐྱོད་དེ། བོད་ཀྱི་མཛེས་ལྗོངས་དངོས་སུ་ཉམས་ལེན་དང་། བོད་ཀྱི་རིག་གནས་དངོས་སུ་མྱོང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་གྱི་འཕེལ་རྒྱས་དང་འགྱུར་ལྡོག་ལ་དངོས་སུ་བདེན་དཔང་བཅས་བྱ་རྒྱུར་དགའ་བསུ་ཞུ་དགོས།
རིག་གནས་ཡུལ་སྐོར་ལས་དམངས་ལ་ཕན་པ་ཐོབ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། རིག་གནས་ཡུལ་སྐོར་ཐོན་ལས་ནི་ཐོན་ལས་ཆེན་པོ་ཞིག་ཡིན་ལ་དམངས་འཚོ་ཆེན་པོ་ཞིག་ཀྱང་ཡིན། གཞི་རིམ་རིག་རྩལ་དཔུང་ཁག་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་རིམ་ཁག་རིག་རྩལ་ཚོགས་པ་རིག་གནས་ཡུལ་སྐོར་ཁྲོད་ཞུགས་རྒྱུར་སྐུལ་མ་བཏང་སྟེ། གནས་རྟགས་རང་བཞིན་གྱི་ཁྱད་ཆོས་ལྡན་པའི་རིག་གནས་བསམ་བཀོད་དང་ཡུལ་སྐོར་ཚོང་ཟོག་ཐོན་སྐྱེད་ཕྱིར་འཚོང་ལ་རོགས་སྐྱོར་བྱས་ཐོག མང་ཚོགས་ཀྱི་ལས་ཞུགས་རྒྱ་ཆེར་གཏོང་བ་དང་། མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བ། མང་ཚོགས་ཕྱུག་པོ་ཆགས་རྒྱུར་སྐུལ་ཁྲིད་བཅས་བྱེད་དགོས། གྲོང་གསེབ་ཡུལ་སྐོར་གྱི་ལས་གྲྭ་སྤུས་ལེགས་ལག་བསྟར་བྱས་ནས། མང་ཚོགས་དེ་བས་མང་བས་རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པ་དང་གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་རི་དངུལ་རི་ཡིན་པ་ཚོར་བར་བྱེད་དགོས།
གསར་འགོད་པ། བོད་རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ཡིན་པའི་ལྷ་ས་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གནས་ཚུལ་གང་འདྲ་ཡོད་དམ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་རེ་བ་ཅི་ཞིག་ཡོད་དམ།
ཝང་ཅུན་ཀྲེང་། ལྷ་ས་ནི་བོད་རང་སྐྱོང་ལྗོངས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་གནས་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་ཁྱེར་ཞིག་ཡིན་པས། བོད་ཀྱི་ལས་དོན་གྱི་སྤྱི་ཡོངས་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད། ང་ཚོས་མཐོང་བ་ལྟར་ན། ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་ཡོད་པ་སྟེ། 2024ལོའི་དཔལ་འབྱོར་བསྡོམས་འབོར་དང་འཕར་ཚད་གཉིས་ཀ་ཨང་དང་པོར་སླེབས་པ་དང་ལྗོངས་ཡོངས་ཀྱི་GDPནང་བཟུང་བའི་བསྡུར་ཚད་གསུམ་ཆ་གཅིག་ལས་བརྒལ་བ་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་མགྱོགས་པོ་ཕྱིན་ནས་གཅིག་སྡུད་དང་། ལེགས་བསྡུས། ཚོ་འདུས་བཅས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་མངོན་པ། སྒོ་དབྱེའི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་ནས་2025ལོའི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་མཚན་ཚོགས་ལྷ་ས་ཡན་ལག་ཚོགས་རའི་ལེ་ཚན་ལ་གདེང་འཇོག་བཟང་པོ་རྒྱ་ཁྱབ་ཏུ་ཐོབ་པ། དམངས་འཚོའི་བདེ་རྩ་རྒྱུན་མཐུད་ཆེ་རུ་སོང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒལ་ཡོད། ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་ལ་འཕེལ་རྒྱས་དང་ཡར་ཐོན་བྱུང་བ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་སྐྲུན་པའི་གྲུབ་འབྲས་ཀྱི་དཔེ་མཚོན་བསྡུས་རིས་ཤིག་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྷ་སའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ངས་ཀྱང་ལྷ་ས་གྲོང་ཁྱེར་དུ་བརྟག་ཞིབ་ལ་ཐེངས་མང་བསྐྱོད་དེ། ལྷ་སས་ལྗོངས་ཡོངས་སུ“གདོང་དམག་བདུན”ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་དང་ལྷ་སར་རེ་བ་ཆེན་པོ་བཅངས་ཡོད། གཅིག་ནས“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོབ་བྱེད་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པའི་ཐད་གདོང་དམག་ཡག་པོ་བྱེད་དགོས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་རྩ་བ་ཚུགས་པ་དང་འབྲས་བུ་ཐོན་པར་འགན་ལེན་བྱེད་དགོས། གཉིས་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་དང་ཡུན་རིང་བདེ་འཁོད་མངོན་འགྱུར་བྱེད་པའི་ཐད་གདོང་དམག་ཡག་པོ་བྱེད་དགོས་ཤིང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ་དང་ཉེན་བརྡ་རྒྱུན་སྒྲོག་དང་རྒྱུན་དུ་ནས་དོགས་ཟོན་བྱས་ཏེ། ཚན་རིག་ཅན་གྱི་ལམ་སྲོལ་དང་རྒྱུན་རྣམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་ལ་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་ལས་དོན་རྒྱུན་གཏན་ནས་སྒྲུབ་པ་དང་གཞི་རིམ་དུ་དོན་འཁྱོལ་བྱས་ཏེ། ཆུ་ཚད་སྔར་ལས་མཐོ་བའི་དུས་བདེའི་ལྷ་ས་བསྐྲུན་ནས་ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས། གསུམ་ནས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་ཤུགས་ཆེན་བྱེད་པའི་ཐད་གདོང་དམག་ཡག་པོ་བྱེད་དགོས་ཤིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་དང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་རྒྱ་ཁྱབ་བྱེད་པར་སྐུལ་འདེད་བཏང་ནས། མི་རིགས་ཁག་གི་མང་ཚོགས་དབར་འབྲེལ་འདྲིས་དེ་བས་ཟབ་ཏུ་གཏོང་དགོས། བཞི་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་གཏོད་ཤུགས་ཆེན་བྱེད་པའི་ཐད་གདོང་དམག་ཡག་པོ་བྱེད་དགོས་ཤིང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ། འཆམ་མཐུན་གནས་འཕྲོད་དང་། གསོན་ཤུགས་རྒྱས་པ། ཁྱད་ཆོས་མངོན་གསལ་དོད་པ། རིག་གནས་ཀྱི་རྨང་གཞི་གཏིང་ཟབ་པ་བཅས་ཀྱི་དེང་རབས་ཅན་གྱི་ལྷ་ས་ཧུར་ཐག་བསྐྲུན་ནས། རྒྱལ་སྤྱིའི་རིག་གནས་ཡུལ་སྐོར་གྲོང་ཁྱེར་དུ་མགྱོགས་མྱུར་གཏོད་དགོས། ལྔ་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཤུགས་ཆེན་བྱེད་པའི་ཐད་གདོང་དམག་ཡག་པོ་བྱེད་དགོས་ཤིང་། རི་ཆུ་ནགས་ཞིང་དང་། མཚོ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་ལ་སྤྱི་འདོམས་བྱས་ཏེ་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ལག་ལེན་ཤུགས་ཆེན་བསྟར་ནས། ལྷ་ས་འདི་ཉིད་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྲུན་གྱི་བཀྲག་མདངས་འཚེར་བའི་མིང་བྱང་ཞིག་ཏུ་ཧུར་ཐག་གཏོད་དགོས། དྲུག་ནས་རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་གི་བྱ་སྤྱོད་དཔེ་སྟོན་ཁུལ་འཛུགས་གཏོད་ཤུགས་ཆེན་བྱེད་པའི་ཐད་གདོང་དམག་ཡག་པོ་བྱེད་དགོས་ཤིང་། མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང་འཐབ་ཇུས་ཀྱི་རྒྱབ་སྐྱོར་དང་འགན་སྲུང་ནུས་པ་ཆེ་རུ་བཏང་སྟེ་མཐའ་མཚམས་སྟོབས་ཆེའི་རྒྱབ་ཕྱོགས་ཆེན་པོ་ཧུར་ཐག་སྐྲུན་དགོས། བདུན་ནས་ཕྱོགས་ཡོངས་ནས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཐད་གདོང་དམག་ཡག་པོ་བྱེད་དགོས་ཤིང་། རིམ་ཁག་ཏང་ཨུད་ཀྱི་འགོ་ཁྲིད་ནུས་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་མཁར་རྫོང་གི་ནུས་པ་བཅས་གང་ལེགས་བཏོན་ཏེ་བོད་དུ་ཏང་གི་སྲིད་སྐྱོང་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས།
མིག་སྔར་བོད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་བྱ་སྤྱོད་དངོས་ལ་བརྟེན་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་བསུ་བ་ཞུ་བཞིན་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་གཞིར་བཟུང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། ངར་སེམས་ཆེར་སྐྱེད་དང་ལས་དོན་ཏན་ཏིག་སྒྲུབ་པ་དང“དོན་ཆེན་བཞིར”མུ་མཐུད་དམ་འཛིན་ཡག་པོ་དང“འཛུགས་གཏོད་བཞིར”སྐུལ་འདེད་བཏང་ནས། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་བོད་ཀྱི་ལེའུ་རྩོམ་རྒྱུ་ཡིན།
(《དཔལ་འབྱོར་ཉིན་རེའི་ཚགས་པར》2025ལོའི་ཟླ་5ཚེས་31ཉིན་གྱི་པར་ངོས་དང་པོ་ནས་བརྒྱུད་འགོད་བྱས)