ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་གནང་བ།
ཟླ་5ཚེས་29ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་གནང་བ་མ་ཟད། རང་ལྗོངས་ཀྱི་ལག་བསྟར་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧོ་ནན་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བཟོ་བའི་ལས་དོན་དང་བསམ་པའི་དཔལ་ཡོན་སྲོལ་གཏོད་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས་སློབ་སྦྱོང་གི་གྲུབ་འབྲས་དེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་འགྱུར་བར་བྱེད་དགོས། བོད་ཀྱི་དོན་དངོས་དང་མཐུན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་གཞག་ཁག་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པར་འགན་ལེན་བྱེད་དགོས། ནུས་ཆེའི་བཅོས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་ཐོན་ཁུངས་དང་། ཞབས་ཞུ། དོ་དམ་བཅས་གཤམ་འོག་ལ་ཕྱོགས་རྒྱུར་མུ་མཐུད་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ཀྱི་ཡོང་འབབ་མང་དུ་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས། སྐྱེ་ཁམས་སྲུང་སྐྱོང་དང་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ལག་ལེན་གཏིང་ཟབ་བསྟར་ནས། མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཏན་ཏིག་བྱེད་དགོས། བསམ་པའི་དཔལ་ཡོན་འཛུགས་སྐྱོང་དང་རིག་གནས་དར་རྒྱས་གོང་འཕེལ་གཏོང་བར་སྐུལ་འདེད་ཧུར་ཐག་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་ཤུགས་ཆེན་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་རིག་གནས་ཁྱིམ་གཞིས་རྒྱུན་ཆད་མེད་པར་འཛུགས་དགོས། དུས་རབས་གསར་པའི་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། ཏང་གིས་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་གུང་གཞོན་སྡེ་ཚོགས་རྩ་འཛུགས་ཀྱི་ཚོགས་པ་ཡོངས་ཀྱིས་རུ་སྣེ་ཁྲིད་པའི་འགན་འཁྲི་བརྟན་དུ་བཏང་སྟེ། ལོ་ཆུང་གདོང་ལེན་རུ་ཁག་གི་བྱ་གཞག་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས། མཐོ་སློབ་ཀྱི་སྤུས་ཚད་མཐོ་བའི་འཛུགས་སྐྲུན་ལས་གྲྭ་ལག་བསྟར་ཤུགས་ཆེན་བྱས་ཏེ། སློབ་གསོའི་སྒྱུར་བཅོས་འཕེལ་རྒྱས་དང་། ཚན་རྩལ་གསར་གཏོད། ཤེས་ལྡན་པ་གསོ་སྐྱོང་བཅས་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས། མཐོ་རིམ་སློབ་གསོའི་ལྟེ་བའི་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། དབང་པོ་སྐྱོན་ཅན་གྱི་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་གི་ལམ་ལུགས་ཁག་དང་གཅེས་སྐྱོང་བྱེད་ཐབས་དོན་འཁྱོལ་ནན་ཏན་བྱས་ཏེ། དབང་པོ་སྐྱོན་ཅན་ལ་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་འཇུག་དགོས།
ཚོགས་འདུའི་ཐོག་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ལྗོངས་ཡོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་ཚུལ་སྐོར་གྱི་སྙན་ཞུ་ཉན་པ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་ཕན་འབྲས་དང་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་ཡག་པོ་བྱས་ཏེ་ལྗོངས་ཡོངས་ཀྱི་སློབ་སྦྱོང་སློབ་གསོར་མུ་མཐུད་ཕན་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས། སློབ་སྦྱོང་གི་སྤུས་ཚད་མཐོ་རུ་བཏང་ནས་བསམ་བློའི་ངོས་འཛིན་མུ་མཐུད་ཟབ་ཏུ་གཏོང་དགོས། སློབ་སྦྱོང་སློབ་གསོའི་གཏན་འབེབས་ནང་དོན་ཇི་མ་ཇི་བཞིན་ཞིབ་ཀློག་བྱས་ཏེ་མ་ལག་ཆ་ཚང་དང་བརྗོད་བྱའི་སྙིང་པོ་ཁོང་དུ་ཆུད་པར་བྱས་ནས་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་བྱེད་དགོས། ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་གནད་འགག་ཡང་དག་འཚོལ་དགོས། གནད་དོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་རང་ངོས་གསར་བརྗེའི་སྙིང་སྟོབས་དར་སྤེལ་མཐར་ཕྱིན་བཏང་ནས་ཏང་ཡོན་ལས་བྱེད་པའི་མི་སྒེར་གྱི་བཤེར་འདོན་དག་ཐེར་དང་རྩ་འཛུགས་ཀྱི་བཤེར་འདོན་དག་ཐེར་ཟུང་འབྲེལ་བྱེད་པ་དང་། སྐོར་ཞིབ་དག་ཐེར་དང་སློབ་སྦྱོང་སློབ་གསོ་ཟུང་འབྲེལ་བྱས་ཐོག་སྐོར་ཞིབ་གྲུབ་འབྲས་བེད་སྤྱོད་ཡག་པོ་དང་ཉེན་བརྡའི་སློབ་གསོར་ཤུགས་སྣོན་བརྒྱབ་ནས“གནད་སྨིན་སྨན་བཅོས”བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས། སྒྱུར་བཅོས་ཀྱི་ཕན་འབྲས་རྒྱ་སྐྱེད་བཏང་ནས་སྒྲིག་སྲོལ་དང་ལམ་ལུགས་ཁག་འཐུས་སྒོ་ཚང་དུ་གཏོང་དགོས། གནད་དོན་གང་ཡོད་ན་དེ་ཐག་གཅོད་བྱེད་པ་དང་། གནད་དོན་གང་འབུར་དུ་ཐོན་ན་དེ་བཅོས་སྒྲིག་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྒྲིག་སྲོལ་དང་ལམ་ལུགས་བཙུགས་པ་བརྒྱུད“གནད་དོན་གཅིག་ལ་དབྱེ་ཞིབ་བྱེད་པ”ནས“གནད་དོན་རིགས་གཅིག་ཐག་གཅོད་བྱེད་པའི”བར་མངོན་འགྱུར་ཡོང་བར་བྱས་ཐོག སྤྱོད་ཚུལ་གྱི་བླང་བྱ་ནན་པོ་དག་བྱེད་ཐབས་ནན་པོར་ཏན་ཏིག་འགྱུར་བ་དང་། སྒྲིག་ལམ་དམ་ནན་ལག་བསྟར་དམ་ནན་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་དགོས།