ཝང་ཅུན་ཀྲེང་གིས་ཤའོ་ཅེས་རུ་སྣེ་ཁྲིད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆེད་དོན་བརྟག་ཞིབ་ཚོགས་ཆུང་དང་བཞུགས་མོལ་གནང་བ།
ཡན་ཅིན་ཧའེ་ཞུགས་པ།
ཟླ་5ཚེས་27ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཤའོ་ཅེས་རུ་སྣེ་ཁྲིད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆེད་དོན་བརྟག་ཞིབ་ཚོགས་ཆུང་དང་བཞུགས་མོལ་གནང་ཞིང་། འདི་ནི་བཞུགས་མོལ་གནང་ཡུལ་ཡིན་པ།
ཟླ་5ཚེས་25ཉིན་ནས་ཚེས་29ཉིན་བར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཤའོ་ཅེས་བརྟག་ཞིབ་ཚོགས་ཆུང་གི་སྣེ་ཁྲིད་དེ་བོད་དུ་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་སྐོར་ལ་ཆེད་དོན་བརྟག་ཞིབ་གནང་བ་རེད། བརྟག་ཞིབ་ཚོགས་ཆུང་གིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ལྷ་ས་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར། ལྷོ་ཁ་གྲོང་ཁྱེར། ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་བཅས་སུ་བརྟག་ཞིབ་གནང་བ་དང་འབྲེལ། བཞུགས་མོལ་ཚོགས་འདུ་ཡང་འཚོགས་ནས་འབྲེལ་ཡོད་ཕྱོགས་ཀྱི་ལས་ཀའི་གནས་ཚུལ་ངོ་སྤྲོད་དང་བསམ་འཆར་དང་གྲོས་འགོ་གསན་པ་རེད། ཚེས་27ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་ཤའོ་ཅེ་བཅས་པ་དང་བཞུགས་མོལ་གནང་བ་རེད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ལྟ་ཞིབ་དང་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཡེ་ཙན་ཕིང་དང་ཤན་ཐེ་ཁོ་སོགས་བཞུགས་མོལ་ཚོགས་འདུ་དང་བརྟག་ཞིབ་ནང་ཞུགས་པ་རེད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཡན་ཅིན་ཧའེ་དང་། བསྟན་ཁོ། ལི་ཝུན་ཀེ ཀྲུའུ་ཧྲོའུ་ཁོ་སོགས་འབྲེལ་ཡོད་བྱེད་སྒོར་ཞུགས་པ་རེད།
བརྟག་ཞིབ་ཚོགས་ཆུང་གིས། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཕྱོགས་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ། ཁྲིམས་ལྟར་སྤྱི་ཚོགས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པའི་ངོས་འཛིན་བྱས་པ་རེད། ཤའོ་ཅེས་ནན་བཤད་གནང་དོན། རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་གཅིག་འདོམས་སུ་བྱས་པའི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཀྱི་ལམ་ལུགས་མ་ལག་མུ་མཐུད་ལག་བསྟར་ཡག་པོ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་གི་ལས་འགན་གལ་ཆེན་ཞིག་རེད། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་ཁྲིམས་ལྟར་བོད་སྐྱོང་གི་རྩ་དོན་གལ་ཆེན་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་བྱེད་སྟངས་སྤྱོད་མཁས་པོ་བྱས་ནས་ཉེན་ཁ་སྔོན་འགོག་དང་། ཉེས་གསོག་ལ་རྡུང་རྡེག གནད་དོན་ཐག་གཅོད། འགལ་བ་སེལ་བ་བཅས་བྱེད་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་དང་། ཁྱབ་ཁོངས་ཁག་གི་བདེ་འཇགས་ཉེན་ཁ་སྔོན་འགོག་དང་སེལ་བའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། རྒྱལ་ཁབ་ཀྱི་སྲིད་དབང་བདེ་འཇགས་དང་། ལམ་ལུགས་བདེ་འཇགས། འདུ་ཤེས་འཛིན་སྟངས་བདེ་འཇགས་བཅས་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་པ། མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་ལ་སྔར་བས་ཤུགས་སྣོན་དང་འཐུས་སྒོ་ཚང་དུ་གཏོང་བ། དམངས་འཚོའི་བདེ་རྩ་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་བཅས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་མཉམ་འགུལ་ཡག་པོ་ཡོང་བར་བྱེད་དགོས། རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་སྐྱོང་ལག་ལེན་ཁྲོད་ཀྱི་དཀའ་གནད་སེལ་རྒྱུར་དམིགས་ཏེ་ལམ་ལུགས་རང་བཞིན་གྱི་ཞིབ་འཇུག་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་ཆེད་ཐུན་མོང་ཐོག་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། རྒྱལ་ཁབ་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོར་སྔར་བས་ཤུགས་སྣོན་བརྒྱབ་སྟེ། མང་ཚོགས་རྒྱལ་ཁབ་བདེ་འཇགས་ལས་དོན་ནང་ཞུགས་རྒྱུར་སློབ་གསོ་དང་། སྐུལ་སློང་། སྒྲིག་འཛུགས་བཅས་བྱེད་པའི་ཆབ་སྲིད་ཀྱི་འགན་ འཁྲི་དང་བཅའ་ཁྲིམས་ཀྱི་འོས་འགན་སྔར་བས་འཁུར་ནས། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་སྟེ་སྲ་ཞིང་བརྟན་པའི་རྒྱལ་ཁབ་བདེ་འཇགས་ཀྱི་མི་དམངས་ཀྱི་འགོག་སྲུང་འཛིང་རགས་ཏན་ཏིག་སྐྲུན་དགོས།
ཝང་ཅུན་ཀྲེང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞི་གཏན་འཁེལ་གནང་བ་དང་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་ལས་འགན་བཏོན་གནང་བ་རེད། བོད་ལྗོངས་ནི་དམིགས་བསལ་གྱི་མཐའ་མཚམས་མི་རིགས་ས་ཁུལ་ཞིག་དང་མེས་རྒྱལ་གོང་བུ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། རྒྱལ་ཁབ་བདེ་འཇགས་བཅས་སྲུང་སྐྱོང་བྱེད་པའི་གཡུལ་ས་མདུན་མ་ཞིག་ཡིན་པས། རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི་ང་ཚོའི་གཡོལ་ཐབས་མེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་ཡིན། ང་ཚོས་ངེས་པར་དུ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཁྲིམས་ལྟར་བོད་སྐྱོང་བྱ་རྒྱུ་དེ་གནས་བབ་གལ་ཆེན་ཐོག་བཞག་ནས་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོར་འཛུགས་པ་དང་། ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དེ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་སྤྱི་འདོམས་དེ་བས་ལེགས་པར་བྱས་ཏེ། བོད་ཀྱི་འཕེལ་རྒྱས་ནི་དཔལ་འབྱོར་གྱི་གནད་དོན་ཁོ་ན་མིན་པར་ཆབ་སྲིད་ཀྱི་གནད་དོན་དང་། དཔལ་འབྱོར་གྱི་གནད་དོན། སྤྱི་ཚོགས་ཀྱི་གནད་དོན། དམངས་འཚོའི་གནད་དོན་བཅས་ཡིན་པའི་་རྩོད་སྒྲུབ་གཅིག་གྱུར་ལ་གོ་བ་གཏིང་ཟབ་ལོན་པ་དང“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱས་ནས། སྤུས་ཚད་དེ་བས་མཐོ་བ་དང་དེ་བས་བདེ་འཇགས་ལྡན་པའི་འཕེལ་རྒྱས་ཡོང་བར་བྱེད་དགོས།