ཀརྨ་ཚེ་བརྟན་གྱིས་ལྷོ་ཁ་གྲོང་ཁྱེར་དང་ཉིང་ཁྲི་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།
ཚེས་26དང་27ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་ལྷོ་ཁ་གྲོང་ཁྱེར་དང་ཉིང་ཁྲི་གྲོང་ཁྱེར་དུ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་གླིང་ཁུལ་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།
ལྷོ་ཁའི་རོ་བཅུད་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སི་དང་རྒྱ་ཚ་རྫོང་ཡར་ཀླུང་གཙང་པོའི་ཁེ་ལས་ཚད་ཡོད་འགན་འཁྲི་ཀུང་སིར་ཀརྨ་ཚེ་བརྟན་གྱིས་ཁེ་ལས་ཀྱི་འགན་འཁུར་བ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་སྟེ་ཁེ་ལས་ཀྱིས་ཁྱད་ལྡན་ཞིང་འབྲོག་ཐོན་ཁུངས་ལ་བརྟེན་ནས་ཐོན་རྫས་ཞིབ་སྤེལ་ལ་ཤུགས་སྣོན་རྒྱག་པའི་བྱེད་ཐབས་དང་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་མ་ཟད། ཁེ་ལས་ཀྱིས་འཕེལ་རྒྱས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་། ཁྱད་ལྡན་ཞིང་འབྲོག་ཐོན་ལས་དར་རྒྱས་གཏིང་ཟབ་གཏོང་བ། ཁྲོམ་རའི་གནས་ཚུལ་དང་བསྟུན་ནས་འཛད་སྤྱོད་པའི་དགོས་མཁོ་སྐོང་བ། སྤུས་ལེགས་ཐོན་རྫས་དེ་བས་མང་བ་འདོན་པ་བཅས་བྱས་ནས་ཁེ་ལས་ཀྱི་རྒྱ་སྟོབས་སྔར་བས་ཆེ་རུ་གཏོང་དགོས་པའི་སྐུལ་ལྕག་གནང་ཞིང་། ཁོང་གིས་སྣེ་འདྲེན་ཁེ་ལས་ཀྱི་ནུས་པ་འདོན་པ་དང་། གཉེར་སྐྱོང་དོ་དམ་ལ་ཤུགས་སྣོན་རྒྱག་པ། གོང་འོག་འཁོར་འབྲེལ་སྣུར་སྲིང་དང་འཁོར་འབྲེལ་སྟོབས་ཆེར་གཏོང་རྒྱུར་དམིགས་པ། ཐོན་ལས་གཅིག་སྡུད་བྱེད་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཞིང་འབྲེལ་ཞིང་ཁྲིད་ཀྱི་ཁེ་ཕན་འབྲེལ་མཐུད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བཅས་བྱས་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་རམ་འདེགས་བྱེད་པའི་ལག་ལེན་ཁྲོད་ཐེག་པ་འཁུར་ལེན་བྱེད་དགོས་ཞེས་གསུངས་པ་རེད། བོད་ལྗོངས་ཧྥུའུ་དབྱང་ཚན་རྩལ་ཚད་ཡོད་ཀུང་སིར་ཀརྨ་ཚེ་བརྟན་འཁོར་ཁང་དུ་ཕེབས་ཏེ་ཐོན་རྫས་ལ་གཟིགས་པ་དང་ངོ་སྤྲོད་གསན་པ་མ་ཟད། ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་། ཐོན་རྫས་ཞིབ་སྤེལ། ཁྲོམ་ར་རྒྱ་སྐྱེད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ཁེ་ལས་ཀྱི་གསར་གཏོད་བྱེད་པོའི་ནུས་པ་གང་ལེགས་བཏོན་ཏེ་ཞིབ་སྤེལ་ནས་ཉེར་སྤྱོད་བར་གྱི་འཁོར་འབྲེལ་ཧྲིལ་པོ་ཤར་བགྲོད་ཡོང་བ་དང་། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བེད་སྤྱོད་ལ་སྐུལ་འདེད་མགྱོགས་སུ་གཏོང་བ། ལག་རྩལ་གྱི་གྲུབ་འབྲས་དེ་བས་མང་བ“དཔེ་སྒྲོམ”ནས“ཟོག་སྒྲོམ”དང“ཐོན་རྫས”ནས“ཚོང་ཟོག”བཅས་དང་ཐོན་སྐྱེད་ནུས་ཤུགས་གསར་མར་འགྱུར་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།
རྒྱ་ཚ་རྫོང་རུ་མི་ཐོན་ལས་གླིང་དུ་ཀརྨ་ཚེ་བརྟན་གྱིས་གླིང་ཁུལ་གྱི་འཆར་འགོད་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་སྙན་སེང་གསན་ཞིང་། ཁོང་གིས“གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་འཁྱོངས་བྱས་ཏེ་ཞབས་ཞུའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། བརྩེ་བ་ཟབ་མོས་ཁེ་ལས་ལ་བྱ་བ་དངོས་སྒྲུབ་པ་དང་དཀའ་ངལ་སེལ་རོགས་བཅས་བྱས་ནས་ཚོང་གཉེར་ཁོར་ཡུག་བཟང་པོ་བསྐྲུན་ཏེ་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས་པའི་ནན་བཤད་གནང་བ་རེད།