རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བདུན་པ་གྲོལ་བ།
ཡན་ཅིན་ཧའེ་ཡིས་གཙོ་སྐྱོང་གནང་བ།
ཚེས་27ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བདུན་པ་ལྷ་སར་གྲོལ་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ་རེད།
རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་ཁོངས་མི་45ཚོགས་འདུར་ཞུགས་ཡོད་པ་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་རྒྱལ་མཚན་དང་། ཝང་ཅུན། ཞུས་ཁྲེང་ཚང་། འཇམ་དཔལ། ལིའུ་པོ་ཁྲེང་། ལི་ཝུན་ཀེ་བཅས་དང་དྲུང་ཆེ་ལིའུ་ཀོང་ཤུས་ཞུགས་ཡོད་པ་རེད།
ཚོགས་འདུའི་ཐོག《〈བོད་རང་སྐྱོང་ལྗོངས་ཀྱི་ཐོག་འགོག་དང་གནོད་འཚེ་ཉུང་གཏོང་གི་སྲོལ་ཡིག〉སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་11ལ་བཟོ་བཅོས་རྒྱག་རྒྱུ་དང〈བོད་རང་སྐྱོང་ལྗོངས་ཀྱི་ས་གཤིས་ཁོར་ཡུག་དོ་དམ་སྲོལ་ཡིག〉ལག་ལེན་བསྟར་མཚམས་འཇོག་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། 《〈ལྷ་ས་གྲོང་ཁྱེར་གྱིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོ་བའི་སྲོལ་ཡིག〉ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》དང་། 《ལྷ་ས་གྲོང་ཁྱེར་གྱི་ཁུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་ཀྱི་སྐུལ་སྤེལ་སྲོལ་ཡིག》 《〈གཞིས་རྩེ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་སྒྱུར་ཞིབ་བཤེར་བྱ་ཐབས〉ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཞིས་རྩེ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》 《གཞིས་རྩེ་གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ་སྲོལ་ཡིག》 《ཉིང་ཁྲི་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་གྱི་དོན་གྲོས་སྒྲིག་སྲོལ》 《ཆབ་མདོ་གྲོང་ཁྱེར་གྱི་ས་གནས་ཁྲིམས་འཛུགས་སྲོལ་ཡིག》བཅས་ལ་ཆོག་མཆན་སྤྲོད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།
ཚོགས་འདུའི་ཐོག་མི་དོན་བསྐོ་འཐེན་གྱི་དོན་གནད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། ཡན་ཅིན་ཧའེ་ཡིས་གསར་དུ་བསྐོ་གཞག་བྱས་པའི་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་པར་བསྐོ་གཞག་ཡི་གེ་སྤྲད་གནང་བ་རེད།
ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་དམ་འཛིན་དངོས་སྒྲུབ་ཀྱི་སྒོ་ནས་སྐུལ་འདེད་བཏང་སྟེ། ལས་འགན་གྱི་གསལ་ཐོ་སྔར་བས་ཞིབ་ཚཌ་སུ་གཏོང་བ་དང་། ལམ་ལུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ལམ་ལུགས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱེད་དགོས་པ་དང་། མི་དམངས་ཀྱི་ཁྲིམས་འཛུགས་དང་། ལྟ་སྐུལ། འཐུས་མི་སོགས་ཀྱི་ལས་དོན་ཁག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཞུང་འཁྱོངས་གསར་འབྱེད་སྒོ་ནས་སྐུལ་འདེད་བཏང་སྟེ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་བོད་དུ་མཐའ་འཁྱོངས་ཡག་པོ་དང་། འཐུས་སྒོ་ཚང་པོ། འཁོར་སྐྱོད་ཡག་པོ་བཅས་བྱེད་དགོས་པ། རྟེན་འབྲེལ་བྱེད་སྒོ་བདེ་བླག་ངང་སྤེལ་རྒྱུར་སྐུལ་འདེད་བཏང་སྟེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་ལོ་60རིང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུར་མཉམ་དུ་དཔང་པོ་བྱེད་དགོས།