དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཕྱི་དོན་ལས་དོན་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-29

    ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་སློབ་སྦྱོང་བྱས་ནས་རང་ལྗོངས་ཀྱི་ཕྱི་དོན་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།

    ཟླ་5ཚེས་27ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་རང་སྐྱོང་ལྗོངས་ཏང་ཨུད་ཕྱི་དོན་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཕྱི་དོན་ལས་དོན་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་སློབ་སྦྱོང་གཏིང་ཟབ་དང་ཀྲུང་དབྱང་གི་མཐའ་འཁོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། བོད་ཀྱི་ཕྱི་དོན་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ་དང་རྒྱལ་ཡོངས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་དེ་བས་ལེགས་པར་ཞུས་ནས་རང་ལྗོངས་ཀྱི་ཕྱི་དོན་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་2024ལོའི་ལྗོངས་ཡོངས་ཀྱི་ཕྱི་དོན་ལས་དོན་གནས་ཚུལ་སྐོར་གྱི་སྙན་སེང་གསན་པ་དང་2025ལོའི་གཙོ་གནད་ལས་དོན་བཀོད་སྒྲིག་གནང་བ་རེད།

    ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་ཕྱི་དོན་ལས་དོན་ལ་ཐོབ་པའི་གྲུབ་འབྲས་གསར་པར་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འཛམ་གླིང་གི་འགྱུར་ལྡོག་དང་། དུས་རབས་ཀྱི་འགྱུར་ལྡོག ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ་ཕྱི་ཕྱོགས་ལས་དོན་ཐད་རིགས་པའི་གཞུང་ལུགས་གལ་ཆེན་དང་ལག་ལེན་གསར་གཏོད་རབ་དང་རིམ་པ་བྱས་པས། ཞི་ཅིན་ཕིང་གི་ཕྱི་འབྲེལ་གྱི་དགོངས་པ་གྲུབ་ནས་ང་ཚོས་དུས་རབས་གསར་པའི་ཕྱི་དོན་ལས་དོན་ཡག་པོ་སྒྲུབ་པར་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་། སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པའི་སྙིང་སྟོབས་ཀྱི་ངོ་བོ་དང་སྲོག་ཤིང་གི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་ལས་དོན་གྱི་སྤྱི་ཡོངས་ཁྲོད་ཀྱི་བོད་ཀྱི་འཐབ་ཇུས་གནས་བབ་གལ་ཆེན་ཁོང་དུ་ཡང་དག་ཆུད་པར་བྱེད་པ། རྒྱལ་ཁབ་ཀྱི་སྤྱིའི་ཕྱི་འབྲེལ་དང་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ནུས་ལྡན་ཞུ་བ། རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བྱས་ཏེ། རང་ལྗོངས་ཀྱི་ཕྱི་ཕྱོགས་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལས་ཀའི་གཙོ་གནད་འབུར་དུ་ཐོན་པ་དང་ཕྱི་དོན་གྱིས་མཐུན་རྐྱེན་སྦྱོར་ཤུགས་ཆེ་རུ་བཏང་ནས། བོད་ཀྱི་ཕྱི་དོན་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། ཏང་དང་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་ལས་དོན་ལ་རང་འགུལ་ངང་ཞབས་འདེགས་ཞུ་བའི་སྤྱི་ཡོངས་ལ་རང་རྟོགས་ངང་བརྩི་སྲུང་ཞུ་བ་དང་། ཏང་ཀྲུང་དབྱང་གི་ཕྱི་ཕྱོགས་མཛད་ཕྱོགས་སྲིད་ཇུས་དང་འཐབ་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། བོད་ཀྱི་ཕྱི་དོན་ལས་དོན་དེ་ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཡོངས་དང་བོད་ཀྱི་ལས་དོན་གྱི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིག་ཞིབ་འཇུག་དང་འཆར་འགོད་ཏན་ཏིག་བྱེད་པ། མཐའ་འཁོར་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་དམིགས་པ། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུ་དེ་དམ་འཛིན་བྱ་གཞིར་བྱེད་པ། མཐའ་འཁོར་རྒྱལ་ཁབ་དབར་སྤེལ་རེས་མཉམ་ལས་དང་དཔལ་འབྱོར་ཚོང་དོན་འགྲོ་འོང་ཧུར་ཐག་བཅས་བྱས་ཏེ། བོད་ཀྱི་ཕྱི་དོན་ལས་དོན་ལེགས་པར་སྒྲུབ་དགོས། ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་བརྟན་དུ་བཏང་སྟེ། ཉེན་བརྡ་རྒྱུན་གཏོང་དང་རྒྱུན་དུ་ནས་དོགས་ཟོན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མཐའ་ཚད་ཀྱི་བསམ་གཞིགས་ལ་ཤུགས་སྣོན་རྒྱག་པ། ཉེན་ཁ་འགོག་ཟོན་བྱེད་ཤུགས་ཆེ་རུ་གཏོང་བ། ཆུ་ཚད་མཐོ་བའི་སྒོ་དབྱེ་དང་ཆུ་ཚད་མཐོ་བའི་བདེ་འཇགས་སྤྱི་འདོམས་ཡག་པོ་བཅས་བྱས་ཏེ། སྒོ་མོ་ཕྱེ་ཐུབ་པ་དང་འཁྲུག་ཏུ་གཏོང་ཐུབ་པ་བྱེད་དགོས་ལ། དོ་དམ་ཐུབ་པ་དང་དོ་དམ་ཡག་པོ་བྱེད་ཐུབ་པའི་འགན་ལེན་ཡང་བྱས་ནས། ལས་ཀའི་རང་འགུལ་དབང་ཆར་སྟངས་འཛིན་བརྟན་པོ་བྱེད་དགོས། རྒྱལ་སྤྱིའི་ཁྱབ་སྤེལ་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། ཀྲུང་གོའི་སྐད་བརྡ་དང་ཀྲུང་གོའི་དོན་བརྗོད་མ་ལག་མགྱོགས་མྱུར་འཛུགས་པ་དང་། “གདན་དྲངས་པ་དང་ཕྱིར་སྐྱོད་པའི”ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ། བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ། དྲང་ནུས་དར་སྤེལ་གཏོང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ་བཅས་བྱས་ཏེ། བོད་འདི་ཉིད་སྔར་བས་མགྱོགས་པའི་སྒོ་ནས་འཛམ་གླིང་ལ་ཁ་ཕྱོགས་ཐུབ་པ་དང་འཛམ་གླིང་གིས་བོད་ལ་སྔར་ལས་རྒྱུས་ལོན་ཐུབ་པར་བྱེད་དགོས། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཤུགས་ཆེན་ཞུས་ནས། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་མཉམ་འདྲེས་ཧུར་ཐག་དང་དེར་ཞབས་འདེགས་ཧུར་ཐག་ཞུ་བ་དང་། ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་བསྐྲུན་རྒྱུར་ཤུགས་རྒྱག་པ། ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དང་སྐམ་ལམ་མཐའ་མཚམས་འགག་སྒོའི་མཉམ་འགུལ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ། གཞིས་རྩེ་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་དང་སྐྱིད་གྲོང་མཐའ་མཚམས་མཉམ་ལས་ཁུལ་སོགས་ཕྱི་ཕྱོགས་སྒོ་དབྱེའི་ལས་སྟེགས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། “ཧི་མ་ལ་ཡ་སྐོར་བའི”རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སོགས་སྔར་ལས་ལེགས་པར་གཉེར་བ་བཅས་བྱས་ནས། རང་ལྗོངས་ཀྱི་སྲིད་ཇུས་ཀྱི་ལེགས་ཆ་དང་། ས་བབ་ཀྱི་ལེགས་ཆ། ཐོན་ཁུངས་ཀྱི་ལེགས་ཆ་བཅས་འཕེལ་རྒྱས་ཀྱི་ལེགས་ཆར་དངོས་སུ་འགྱུར་བར་བྱེད་དགོས། མཐའ་བརྟན་མཐའ་དར་དམངས་ཕྱུག་བཅས་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་ནས། དམག་དཔུང་འདུས་སྡོད་དང་མི་དམངས་བདེ་འཁོད་མཉམ་འཛིན་དང་མཐའ་བརྟན་དང་མཐའ་དར་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱེད་པ་དང་། མཐའ་སྲུང་འཛུགས་སྐྲུན་དང་། མཐའ་མཚམས་འཕེལ་རྒྱས། མཐའ་མཚམས་བཅོས་སྐྱོང་བཅས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། ཏང་སྲིད་དམག་ཉེན་དམངས་ཀྱིས་མཉམ་དུ་མཐའ་སྟོབས་དང་མཐའ་སྲུང་སྲ་བརྟན་ལ་ཤུགས་སྣོན་རྒྱག་པ། “མཉམ་ལྔ་བརྟན་ལྔའི”ཆ་འགྲིག་མཉམ་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས་མཐའ་མཚམས་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གིས་ཕྱི་དོན་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཏང་གིས་ཕྱི་དོན་ལ་དོ་དམ་བྱེད་པའི་རྩ་དོན་དེ་ཕྱི་དོན་ལས་དོན་གྱི་ཁྱབ་ཁོངས་ཁག་གི་བརྒྱུད་རིམ་ཧྲིལ་པོར་མཐའ་གཅིག་ཏུ་ཁྱབ་པ་དང་། རིམ་ཁག་ཏང་ཨུད་ཕྱི་དོན་ལས་དོན་ཨུ་ཡོན་ལྷན་ཁང་གིས་འགན་ནུས་བསྒྱུར་མགྱོགས་སུ་གཏོང་བ། ལས་ཀའི་འགན་འཁྲི་ནན་པོ་དཀྲི་བ། ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ་བཅས་བྱས་ཏེ། ཏང་དང་། རྒྱལ་ཁབ། མི་དམངས་བཅས་ལ་ལྷག་བསམ་རྣམ་དག་དང་། ཆབ་སྲིད་ཐད་བློ་བརྟན་འགྱུར་མེད་དང་། ལས་སྒོའི་ཐད་བྱང་ཆུབ་པ། སྤྱོད་ཚུལ་ཐད་ཉམས་སད་ཐེག་ཐུབ་པ། སྒྲིག་ཁྲིམས་ཐད་དམ་ལ་ནན་པ་བཅས་ཀྱི་ཕྱི་དོན་ལས་བྱེད་པའི་དཔུང་ཁག་ཅིག་ཧུར་ཐག་བསྐྲུན་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དེ་བོད་དུ་རྩ་བ་ཚུགས་ནས་ཕན་འབྲས་ཐོན་ཐུབ་པར་བྱེད་དགོས།

    རང་སྐྱོང་ལྗོངས་ཏང་ཨུད་ཕྱི་དོན་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཨུ་ཡོན་དེ་བཞིན་འབྲེལ་ཡོད་འགོ་ཁྲིད་ཚོགས་འདུར་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།