རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་གཞིས་རྩེར་ཕེབས་ནས་མཐའ་མཚམས་འཕེལ་རྒྱས་ལས་དོན་ལ་བརྟག་ཞིབ་གནང་བ།
རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་ཆེད། ཟླ་5ཚེས་20དང་21ཉིན་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲའོ་ཕེང་དང་བཅས་པ་གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་དང་། ཁང་དམར་རྫོང་། གྲོ་མོ་རྫོང་བཅས་སུ་ཕེབས་ནས། མཐའ་མཚམས་ཚོང་དོན་དང་། འགག་སྒོ་འཛུགས་སྐྲུན། མཐའ་མཚམས་ཡུལ་མིའི་སྲིད་ཇུས་དོན་འཁྱོལ་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་དང་སྦྲགས། སྒོ་དབྱེར་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་དང་དངོས་སྒྲུབ་ལ་བརྟེན་ནས་དམངས་འཚོར་ཕན་བཏགས་ཏེ་མཐའ་མཚམས་བརྟན་ལྷིང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་འཛུགས་དགོས་པའི་ནན་བཤད་གནང་བ་རེད།
ཀྲའོ་ཕེང་གིས་གཏིང་སྐྱེས་རྫོང་འདྲེན་ཐང་གྲོང་རྡལ་གྱི་སྲོལ་རྒྱུན་མཐའ་མཚམས་ཚོང་དོན་ས་ཚིགས་དང་འགག་སྒོའི་ས་གནས་ས་ཐོག་ཏུ་འགག་སྒོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་གནས་ཚུལ་ལ་རྟོག་ཞིབ་དང་། མཐའ་མཚམས་ཚོང་དོན་གྱི་དོ་དམ་ལམ་སྲོལ་དང་། མཐའ་མཚམས་ཡུལ་མིའི་ཡོང་འབབ་འཕར་བ། ཀྲུང་ནེའི་མཐའ་མཚམས་ཀྱི་དམངས་ཁྲོད་སྲོལ་རྒྱུན་ཚོང་དོན་གནས་ཚུལ་སོགས་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་སྦྲགས། གྲོང་ཁྱེར་དང་རྫོང་དང་ཤང(གྲོང་རྡལ)བཅས་རིམ་པ་ཁག་གིས་མཐའ་མཚམས་ཚོང་དོན་ཞབས་ཞུ་ལེགས་སུ་ཏན་ཏིག་བཏང་ནས། མཐའ་མཚམས་ཡུལ་མིའི་ལས་ཞུགས་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་སྐྱེད་གཏོང་བ་དང་འགག་སྒོའི་ཕན་ནུས་ཀྱི་ངེས་གནས་ལ་དུས་མཉམ་དུ་ཤུགས་སྣོན་བརྒྱབ་ནས། རྒྱལ་ཁབ་ཀྱི་སྒོ་དབྱེའི་འཐབ་ཇུས་དང་འབྲེལ་མཐུད་བྱེད་པར་རྨང་གཞི་འདིང་དགོས་པའི་བླང་བྱ་བཏོན་གནང་བ་རེད།
ཀྲའོ་ཕེང་གིས་གྲོ་མོ་རྫོང་རིན་ཆེན་སྒང་མཐའ་མཚམས་ཚོང་དོན་ཁྲོམ་རར་ཕྱི་ཕྱོགས་ལ་དགེ་མཚན་ལྡན་པའི་བགྲོད་ལམ་བེད་སྤྱོད་འོས་འཚམ་བྱས་ནས་སྒོ་དབྱེ་དང་བརྟན་ལྷིང་སྤྱི་འདོམས་བྱས་ཐོག མཐའ་མཚམས་ཚོང་དོན་རིམ་སྤོར་ལ་བརྟེན་ནས་རྫོང་ཁོངས་དཔལ་འབྱོར་སྐུལ་སྤེལ་གཏོང་བ་དང་། གྲོང་སྡོད་ཀྱི་ཕན་འབྲས་དངོས་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་མཐའ་མཚམས་སྲ་བརྟན་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མཐའ་མཚམས་འཐབ་ས་དང་པོ་དེ་མི་རིགས་མཐུན་སྒྲིལ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་དུ་འགྱུར་བར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།